ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཡིས་དངུལ་བུན་སྒོར་དུང་ཕྱུར13བཏང་སྟེ་སྟོན་འབྲུ་ཉོ་སྒྲུབ་ལ་གཞོགས་འདེགས་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-10-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར་སྟོན་འབྲུ་ཉོ་སྒྲུབ་བྱེད་མང་ཤོས་ཀྱི་དུས་ཚིགས་སུ་སླེབས་ཡོད། གསར་འགོད་པར་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་ཀན་སུའུ་ཞིང་ཆེན་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། ཀན་སུའུ་ཞིང་ཆེན་གྱི་ཞིང་ལས་སྲིད་ཇུས་རང་བཞིན་གྱི་དངུལ་ཁང་གཅིག་པུ་དེ་ཡིན་པའི་ངོས་ནས་འདི་ལོ་དངུལ་ཁང་དེས་དངུལ་བུན་སྒོར་དུང་ཕྱུར་13བཏང་སྟེ་ཀན་སུའུ་ཞིང་ཆེན་གྱི་སྟོན་འབྲུ་ཉོ་སྒྲུབ་བརྟན་ལ་གོ་རིམ་ལྡན་པ་ཞིག་ཡོང་བའི་འགན་ལེན་བྱས་ནས་དངུལ་སྤྲད་ཆོག་ཆོག་ཡོང་བར་བྱས་ཏེ་ཞིང་པར“ཆད་འཛིན་སྤྲོད་པའི”གནད་དོན་གཏན་འགོག་བྱས་པ་རེད།

སྟོན་འབྲུ་ནི་ཀན་སུའུ་ཞིང་ཆེན་གྱི་འབྲུ་རིགས་ཐོན་སྐྱེད་ཀྱི་གཙོ་གནད་ཅིག་ཡིན་ཞིང་། ཐོན་འབབ་ཀྱིས་ལོ་འཁོར་མོའི་འབྲུ་རིགས་སྤྱི་འབོར་གྱི་70%ཙམ་བཟུང་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། 2019ལོར་ཀན་སུའུ་ཞིང་ཆེན་གྱི་སྟོན་འབྲུའི་ཐོན་འབབ་སྔོན་དཔག་བྱས་ན་ཏུན་ཁྲི་800ཟིན་ཏེ་ལོ་གོང་མ་དང་སྤྱིར་ན་མཉམ་ཡོད།

ཞིང་ལས་འཕེལ་རྒྱས་དངུལ་ཁང་ཀན་སུའུ་ཡན་ལག་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། ཉོ་སྒྲུབ་མ་དངུལ་འདང་ངེས་ཡོང་བའི་འགན་ལེན་ནུས་ལྡན་བྱ་ཆེད། དངུལ་ཁང་དེས་གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་ཀྱི་འཇུག་འཐུས་ཁྱད་པར་མེད་པར་བཟོས་ཏེ་ལས་སྣོན་གྱི་སྣེ་འདྲེན་ཁེ་ལས་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་སོགས་སྣ་མང་བྱེད་པོའི་དངུལ་བུན་གྱི་འོས་ཐོབ་གཏན་འཁེལ་དང་ཡིད་རྟོན་རིམ་པ་དཔྱད་འདེམས་སོགས་ཀྱི་ལས་དོན་སྔ་སྣུར་དུ་ལེགས་གྲུབ་བྱས་པ་མ་ཟད། འོས་ཐོབ་ལེགས་པའི་ཁེ་ལས་ལ་དངུལ་བུན་གཏོང་བའི་ཆ་རྐྱེན་ལྷུག་ཏུ་བཏང་ནས་གོ་རིམ་ལྡན་པའི་ངང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།