ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོའི་ས་ཡོམ་ནང་མི་21ལ་རྨས་སྐྱོན་ཕོག མིག་སྔར་མི་3སྨན་ཁང་དུ་བསྡད་ནས་བརྟན་འཇགས་སྨན་བཅོས་བྱེད་བཞིན་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-10-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁུལ་ཏང་ཨུའི་གཞུང་སྒྲུབ་ཁང་ནས་ཤེས་རྟོགས་བྱུང་བར། ཚེས28ཉིན་གྱི་ཆུ་ཚོད1དང་སྐར་མ56ཐོག་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་དུ་ས་ཡོམ་རིམ་པ5.7བརྒྱབ་ནས་མི21ལ་རྨས་སྐྱོན་ཕོག་པ་དང་། བསང་ཆུ་རྫོང་གི་ཤང་དང་གྲོང་རྡལ13གྱི་དུད་ཚང2097གྱི་སྡོད་ཁང་ལ་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག གཙོད་གྲོང་ཁྱེར་གྱི་དུད་ཚང788ཀྱི་མི1975ལ་གནོད་འཚེ་ཕོག་འདུག

ཡོམ་ཁུལ་གྱི་འགྲིམ་འགྲུལ་དང་། ཆུ་འདོན། གློག་འདོན། དྲོན་ལེན། བརྡ་འཕྲིན་སོགས་རྨང་གཞི་སྒྲིག་ཆས་ཀྱི་འཁོར་སྐྱོད་རྒྱུན་ལྡན་ཡིན་ཞིང་སྤྱི་ཚོགས་ཡོངས་བརྟན་བརླིང་ཡིན། ད་ལྟ་ས་གནས་དེ་གའི་སྲིད་གཞུང་གིས་གོ་རིམ་ལྡན་པའི་སྒོ་ནས་གྲལ་བཤེར་རོགས་སྐྱོབ་ལས་དོན་་སྤེལ་བཞིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ས་ཡོམ་ཁྲོད་མི་21ལ་རྨས་སྐྱོན་ཕོག་ནས་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད་པའི་ནང་བསང་ཆུ་རྫོང་དུ་མི3དང་གཙོད་གྲོང་ཁྱེར་དུ་མི18ཡོད་པ་རེད། སྨན་ཁང་གིས་བརྟག་དཔྱད་བྱས་པ་བརྒྱུད་གཙོད་གྲོང་ཁྱེར་གྱི་རྨས་མ3སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས་པ་དང་ནད་གཞིའི་གནས་ཚུལ་བརྟན་པོ་ཡོད་པ་མ་ཟད། གཞན་པའི་རྨས་མ་དག་སྨན་ཁང་ལས་ཁ་བྲལ་ཡོད། ས་ཡོམ་གྱིས་བསང་ཆུ་རྫོང་གི་ཁང་པའི་སྒོ་ར་བརྡིབས་པའི་དུད་ཚང17དང་ཁང་པར་གས་ཁ་བྱུང་པའི་དུད་ཚང2080ཡོད་པ་རེད། གཙོད་གྲོང་ཁྱེར་གྱི་ཁང་པ1192ལ་སྤྱིར་བཏང་རང་བཞིན་གྱི་གཏོར་སྐྱོན་ཕོག་པ་དང་། ཁང་པ5དང་གསང་སྤྱོད་ཁང2རྡིབ་ལ། དུད་ཚང4ཡི་སྒོ་ར་རྡིབ་པ་རེད།

ཀན་ལྷོ་ཁུལ་དང་རྫོང(གྲོང་ཁྱེར་)རིམ་པ་གཉིས་ཀྱིས་དུས་ཐོག་ཏུ་བབ་བསྟུན་སྔོན་ཇུས་ལག་བསྟར་བྱས་ཏེ་ཁུལ་དང་རྫོང་གི་ཡོམ་འགོག་གནོད་སེལ་བཀོད་འདོམས་པུའུ་བཙུགས་ཤིང་། ཀན་ལྷོ་ཁུལ་གྱི་ཧྲུའུ་ཅི་ཡུས་ཁྲེང་ཧུའེ་ཡིས་འབྲེལ་ཡོད་མི་སྣའི་སྣེ་ཁྲིད་དེ་བསང་ཆུ་རྫོང་དུ་བསྐྱོད་དེ་ཡོམ་འགོག་གེགས་སེལ་ལ་མཛུབ་ཁྲིད་གནང་བ་རེད། མིག་སྔར་རས་གུར་200དང་། སྲིང་བལ་ཉལ་ཆས་600། སྲིང་བལ་གྱོན་ཆས་600། ཉལ་ཁྲི་600། བརླན་འགོག་གདན་600་བསྐྱལ་བ་དང་། སྨན་བཅོས་འཕྲལ་སྡོམ་མྱུར་སྐྱོབ་རླངས་འཁོར་21། འཕྲིན་གཏོང་འགན་ལེན་རླངས་འཁོར་17བཀོད་སྒྲིག་བྱས་ཤིང་། མེ་ཟོན་དཔོན་དམག་63། སྨན་བཅོས་སྲོག་སྐྱོབ་མི་སྣ་190ལྷག་བསྐོ་འཐེན་བྱས་ཡོད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།