ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་འཛམ་གླིང་འབྲུ་རིགས་ཉིན་མོ་དང་འབྲུ་རིགས་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱ་འགུལ་སྤེལ་འགོ་ཚུགས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འཛམ་གླིང་འབྲུ་རིགས་ཉིན་མོ་སྐབས39བའི་ཉིན་མོར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་ཁུལ་ཞིང་ལས་དང་གྲོང་གསེབ་ཅུས་དང་། ཁུལ་སློབ་གསོ་ཅུས། ཁུལ་ཚན་རྩལ་ཅུས། ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་དང་མཉམ་འབྲེལ་ཐོག་སྤེལ་བའི“འབྲུ་རིགས་བདེ་འཇགས་ཀྱི་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་ནས་འབྲུ་རིགས་ཐོན་ལས་ཀྱི་རྒྱལ་ཁབ་ཆེན་མོ་བསྐྲུན་རྒྱུ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་འབྲུ་རིགས་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱ་འགུལ་སྤེལ་འགོ་ཚུགས་པའི་མཛད་སྒོ་གཙོས་གྲོང་ཁྱེར་ཤམ་བྷ་ལའི་རིག་གནས་ཐང་ཆེན་དུ་སྤེལ། 

ཀན་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་གཞོན་པ་ཝང་ཧྲང་ཞུའེ་བྱ་འགུལ་དུ་ཞུགས་པ་མ་ཟད་གཏམ་བཤད།

འགོ་ཚུགས་མཛད་སྒོའི་ཐོག“ཀན་ལྷོ་ཁུལ་གྱི་འབྲུ་རིགས་བདེ་འཇགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་རྟེན་གཞི”ཁྱབ་བསྒྲགས་བྱ་རྒྱུའི་སྐོར་གྱི་གཏན་འབེབསསྒྲོག་སྦྱངས་བྱས་པ་དང་། “ཀན་ལྷོ་ཁུལ་གྱི་འབྲུ་རིགས་བདེ་འཇགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་རྟེན་གཞི”ལ་སྒོ་བྱང་སྤྲད། གཙོས་གྲོང་ཁྱེར་འབྲུ་རིགས་གསོག་ཉར་ཀུང་སིའི་འགན་ཁུར་བས་འབྲུ་རིགས་བདེ་འཇགས་སློབ་གསོའི་རྟེན་གཞིའི་ཚབ་བྱས་ནས་གཏམ་བཤད་སྤེལ།

ཝང་ཧྲང་ཞུའེ་ཡིས་ཀན་ལྷོ་ཁུལ་ནི་ཞིང་ཕྱུགས་ལས་གཙོ་བོ་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཞིག་ཡིན་པ་དང་། འབྲུ་རིགས་ཐོན་སྐྱེད་མི་བྱེད་པའམ་འབྲུ་རིགས་ཐོན་སྐྱེད་བྱེད་པ་ཉུང་བ་ནི་ཀན་ལྷོ་ས་ཁུལ་གྱི་གཞི་རྩའི་ཁྱད་ཆོས་ཤིག་ཡིན་ལ། འབྲུ་རིགས་འཛད་སྤྱོད་ཐད་ཕྱི་ཕྱོགས་ལ་བརྟེན་ཚད་ཅུང་མཐོ་བ་རེད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་རོང་འབྲོག་སྡེ་བའི་དཔལ་འབྱོར་སྒྲིག་གཞི་ལེགས་སྒྲིག་བྱས་པ་དང་བསྟུན་ནས་རང་ཁུལ་གྱི་འབྲུ་རིགས་ཀྱི་དགོས་མཁོ་ཆེ་རུ་ཕྱིན་པ་དང་། མཁོ་སྤྲོད་ཀྱི་འགལ་བ་མངོན་གསལ་དུ་ཕྱིན་ཡོད་པས་ཁུལ་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་རང་ཁུལ་ལ་མཚོན་ནས་བཤད་ན་གལ་འགངས་ཤིན་ཏུ་ཆེ་ཞེས་བསྟན།

ཝང་ཧྲང་ཞུའེ་ཡིས་འབྲུ་རིགས་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་རིང་དུ་རྫོང་དང་གྲོང་ཁྱེར་སོ་སོ་དང་། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཕྱོགས་ཡོངས་དང་རིམ་པ་མང་བོའི་ཐོག་ནས་བརྗོད་དོན་གཙོ་བོའི་བྱ་འགུལ་སྤེལ་ཏེ། འབྲུ་རིགས་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་སྡེ་ཁུལ་དང་། ཁྱིམ་ཚང་། སློབ་གྲྭ ཁེ་ལས། གྲོང་གསེབ་བཅས་སུ་སྤེལ་རྒྱུར་ཧུར་ཐག་སྒོས་སྐུལ་འདེད་གཏོང་དགོས་པ་དང། སྣ་མང་ཕུན་སུམ་ཚོགས་པའི་བྱ་ཐབས་ལ་བརྟེན་ནས་འཛམ་གླིང་འབྲུ་རིགས་ཉིན་མོ་དང་རྒྱལ་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར། དེ་བཞིན་བརྗོད་དོན་གཙོ་བོའི་འདུ་ཤེས་བཅས་སྤྱི་ཚོགས་ཡོངས་ལ་ཁྱབ་གདལ་བཏང་སྟེ་མི་ཚང་མར་འབྲུ་རིགས་ལ་གཅེས་སྤྲས་དང་འབྲུ་རིགས་གྲོན་ཆུང་བྱེད་པའི་གོམས་གཤིས་བཟང་བོ་ཆགས་སུ་འཇུག་དགོས་ཞེས་ནན་གྱིས་བསྟན།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།