ཀྲུང་གོ་བོད་ཀྱི་དྲ་བ།

ཁྲིན་ཀྲེ་རྨིན་འཁོར་དང་བཅས་པ་ཀན་ལྷོ་ཁུལ་དུ་ཡོང་ནས་ཁ་གཏད་རོགས་སྐྱོར་བྱ་བར་རྟོག་ཞིབ་བྱས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-10-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། ཐེན་ཅིན་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུའམ་གྲོང་ཁྱེར་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཁྲིན་ཀྲེ་རྨིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཡོང་ནས་ཁ་གཏད་རོགས་སྐྱོར་བྱ་བར་རྟོག་ཞིབ་བྱས།

ཀན་སུའུ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཁྲིན་ཆིན་དང་། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བཀྲ་ཤིས་འཚོ་བཅས་ཀྱིས་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས།

ཁྲིན་ཀྲེ་རྨིན་ཐོག་མར་ཀན་ལྷོ་ཁུལ་མི་དམངས་སྨན་ཁང་དུ་སོང་ནས་ཐེན་ཅིན་ནས་ཀན་ལྷོར་ཡོང་ནས་རོགས་སྐྱོར་བྱེད་བཞིན་པའི་སྨན་བཅོས་ཚོགས་པའི་འཐབ་ཕྱོགས་དང་བོའི་རུ་མིར་འཚམས་འདྲི་བྱས་ཤིང་ཐེན་ཅིན་གྲོང་ཁྱེར་གྱི་མིག་ནད་ཚན་ཁག་སྨན་ཁང་གི་ཆེད་མཁས་ཚོགས་པས་སྐྱ་འགྲིབ་བསྐྱར་མཐོང་ལས་གཞི་ལ་རོགས་སྐྱོར་བྱས་ཚུལ་རྟོག་ཞིབ་ཞིབ་ཕྲ་བྱས་པ་དང་། སྐྱ་འགྲིབ་བསྐྱར་མཐོང་ལས་གཞིའི་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་ནད་པར་འཚམས་འདྲི་བྱས་ཤིང་གླེང་མོལ་བྱས། དེ་ནས་ཁུལ་དངོས་མང་བཤམས་སྟོན་ཁང་གི་ལོ་རྒྱུས་དང་དམངས་སྲོལ་རིག་དངོས་འགྲེམས་སྟོན་ཁུལ་དུ་རང་ཁུལ་གྱི་འཕེལ་རྒྱས་ལོ་རྒྱུས་དང་། ཡུལ་སྲོལ་གོམས་གཤིས། རྒྱན་གོས་རིག་གནས། དུས་སྟོན་བྱེད་སྒོ་བཅས་དང་རིན་ཐང་ལྡན་པའི་ལོ་རྒྱུས་རིག་དངོས་སོགས་ཀྱི་གནས་ཚུལ་རྟོག་ཞིབ་བྱས་པ་དང་སྦྲེལ་ནས་ཡུལ་དངོས་རིག་གནས་སམ་ཡུལ་སྐོར་འགྲེམས་སྟོན་ལྟེ་གནས་ལ་ལྟ་སྐོར་བྱས།

ཁྲིན་ཀྲེ་རྨིན་གྱིས་རྟོག་ཞིབ་བྱེད་སྐབས་ཉེ་བའི་ལོ་ཤས་རིང་ལ། ཐེན་ཅིན་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤར་ནུབ་རྒྱུད་ཀྱི་རོགས་རམ་དང་ཁ་གཏད་རོགས་སྐྱོར་བྱ་བའི་སྐོར་གྱི་གསུང་བཤད་རབ་དང་རིམ་པ་སྤེལ་བའི་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་ལག་ལེན་མཐའ་འཁྱོངས་བྱས་ཏེ། ཀན་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་དབུལ་སྐྱོར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བའི་གཙོ་ཐིག་དེར་དམ་པོར་དམིགས་ནས། དབུལ་སྐྱོར་མཁྲེགས་གཏོར་དེ་ཆབ་སྲིད་ཀྱི་ལས་འགན་ཆེ་ཤོས་དང་བྱ་བ་ཡོངས་ཀྱི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩི་དགོས་ལ། ཐོག་མའི་ཕུགས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། ལས་གཞི་འཛུགས་སྐྲུན་དང་། ལས་བྱེད་པ་གསོ་སྦྱོང་། ཤེས་ལྡན་མི་སྣ་བརྗེ་རེས། རིག་གནས་སློབ་གསོ། སྨན་བཅོས་འཕྲོད་བསྟེན། ངལ་ལས་ཕྱིར་གཏོང་སོགས་ཀྱི་ཐད་ཕྱོགས་ཡོངས་དང་། རིམ་པ་མང་བ་བཅས་ཀྱིས་ཁ་གཏད་རོགས་སྐྱོར་བྱ་བ་བསྒྲུབ་པ་དང་། ཕྱོགས་གཉིས་ཀྱི་སྡེ་ཁག་སོ་སོའི་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཕན་ཚུན་འཚམས་འདྲི་དང་བརྗེ་རེས་ཐེངས་མང་བྱས་ནས་འབྲེལ་མཐུད་བྱ་དགོས་ཤིང་། གོམ་སྟབས་རྗེས་མར་ཀན་སུའུ་ལ་རོགས་སྐྱོར་བྱེད་པའི་བྱ་བའི་ཐབས་ལམ་དང་བར་སྟོང་རྒྱ་ཆེར་བཏང་ནས་རྗེས་ཕྱོགས་ཀྱི་ཆུས་དང་རྫོང་གི་ཆ་སྒྲིག་རོགས་སྐྱོར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། “མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་བརྩོན་པ”ཞེས་པའི་བརྗིད་ཆེའི་དམིགས་འབེན་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་གཏོང་དགོས་ཞེས་ནན་གྱིས་བསྟན།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།