ཀྲུང་གོ་བོད་ཀྱི་དྲ་བ།

​ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས“འོ་མ་བསགས་པར”བརྟེན་ནས་དབུལ་ཐར་ལམ་བུ་བཏོད་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བན་དེ་མཁར་གྱིས་སྔོན་ཆད་དངུལ་གསོག་པ་ལས“འོ་མ་གསོག་པ”ཞེས་པ་གོ་མྱོང་མེད། ཡིན་ནའང་། གྲོང་ཚོའི་མཉམ་ལས་ཁང་བཙུགས་རྗེས། ཁོང་གིས་གཞི་ནས་“འོ་མ་གསོག་པ”ནི་དངུལ་གསོག་པ་ཡིན་པ་ཤེས།

ལོ28ལ་སླེབས་པའི་བན་དེ་མཁར་གྱི་ཁྱིམ་ཚང་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་སྣ་བུག་གྲོང་རྡལ་རྡོ་དཀར་སྲིད་འཛིན་གྲོང་ཚོ་སྒང་འབྲེལ་དེའུ་རང་བྱུང་གྲོང་ཚོར་ཡོད་ལ། ཀན་ལྷོ་ཁུལ་ནི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་དུ་གཏོགས་པས། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཁྲོད་ཀྱི་དཀའ་གནད་ཆེ་ཤོས་ཤིག་ཡིན་པ་རེད།

བན་དེ་མཁར་གྱི་ཁྱིམ་ལ་བཞོན་མ་བཅུ་གྲངས་ཤིག་ཡོད་ལ། མིག་སྔ་ནི་འོ་མ་བཞོ་རྒྱུ་མང་བའི་དུས་ཚིགས་ཡིན་པས། ཁོང་གིས་ཉིན་ལྟར་མཉམ་ལས་ཁང་ལ་འོ་མ་སྐྱེལ་གྱི་ཡོད་པ་རེད། ལོ་64ལ་སླེབས་པའི་སྟག་ལྷ་ནི་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་ཡིན། ལོ་འདི་དག་རིང་། ཁོང་གིས་འབྲོག་པ་ཚོ་དང་མཉམ་དུ་བཞོན་མ་གསོ་ཚགས་བྱས་ནས་འོ་མ་ཁྲོམ་རར་བཏོན་པས་ཚང་མའི་འཚོ་བ་ཉིན་བཞིན་ཇེ་ལེགས་སུ་ཕྱིན་ཡོད་པ་རེད།

མཉམ་ལས་ཁང་བཙུགས་ནས་ལས་ཀ་གང་བྱེད། ཇི་ལྟར་བྱེད་ཅེ་ན། ས་གནས་དེ་གའི་རྩྭ་ཐང་ཡངས་ཤིང་རྒྱ་ཆེ་སྟབས་གྲོང་མི་མང་ཆེ་བས་འབྲོག་ལས་གསོ་ཚགས་ལས་རིགས་གཉེར་གྱི་ཡོད། དེར་བརྟེན་བཞོན་མ་གསོ་ཚགས་བྱེད་པར་ལེགས་ཆ་མངོན་གསལ་དོད་པོ་ལྡན་ཡོད་པ་རེད།

“དེར་བརྟེན་གྲོང་མི་ཚང་མར་བྱང་ཆ་ཡོད་པའི་བཞོན་མ་གསོ་ཚགས་ལས་རིགས་གཉེར་བཅུག་པ་ཡིན”ཞེས་སྟག་ལྷས་བརྗོད།

ཡིན་ནའང་། གྲོང་མི་ཚོར་སེམས་ཁྲལ་ཞིག་ཡོད་པ་ནི། སྔོན་ཆད་འབྲིའི་འོ་མ་འཚོང་སྐབས། འོ་མའི་རིན་གོང་བརྟན་པོ་མེད་པའི་ཁར་འོ་མ་མང་པོ་ཡོད་སྐབས་འཚོང་ཁག་པོ་ཡོད་པ་དེ་རེད།

གྲོང་མི་ཚོའི་སེམས་ཁྲལ་དེ་སེལ་ཆེད། སྟག་ལྷས“ང་ཚོས་མཉམ་ལས་ཁང་དུ་མ་རྐང་བཞག་ནས་ཚོགས་སྒྲིག་འཕེལ་རྒྱས་ཀྱིས་གཞི་ཁྱོན་ཆེ་རུ་བཏང་ནས་འོ་མ་འཚོང་རྒྱུ་ཡིན་པ་མ་ཟད། ད་དུང་ཞོ་ཡང་བཙོང་རྒྱུ་ཡིན”ཞེས་གྲོང་མི་ཚོར་བརྗོད་པ་རེད།

སྟག་ལྷས་གྲོང་ཚོའི་ནང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་6ཚུད་པའི་འབྲོག་དུད་18མཉམ་ལས་ཁང་དུ་ཞུགས་རྒྱུར་སྐུལ་སློང་བྱས་པ་དང་། མཉམ་ལས་ཁང་གིས་བཞོན་མ་འཚོ་བ་དང་། བདག་སྐྱོང་། བཞོ་བ། ཕྱིར་འཚོང་སོགས་ཀྱི་ལས་ཀ་གཅིག་གྱུར་བྱས་ནས། ངལ་ཤུགས་བཅིངས་འགྲོལ་བཏང་སྟེ་ཁྲོམ་རའི་ཉེན་ཁ་འགོག་པའི་ནུས་པ་ཆེ་རུ་བཏང་བ་རེད།

མཉམ་ལས་ཁང་དེས་ད་དུང་ས་གནས་དེ་གའི་དཀར་ཆུའི་ཀུང་སི་དང་དུས་ཡུན་རིང་པོའི་ཉོ་སྒྲུབ་གྲོས་མཐུན་བཞག་ནས། ཁྲོམ་རའི་རིན་གོང་ལས་མཐོ་བའི་སྲུང་སྐྱོང་རིན་གོང་ཐོག་ནས་མཉམ་ལས་ཁང་གི་འོ་མ་ཉོ་སྒྲུབ་བྱས་ཏེ་ཚོང་ལམ་ཡངས་སུ་བཏང་བ་རེད།

2018ལོར། མཉམ་ལས་ཁང་གིས་འོ་མ་བཞོ་རྒྱུ་མང་བའི་དུས་ཚིགས་སུ་འོ་མ་སོས་པ་བཙོངས་ཚད་སྒོར་ཁྲི་50ཡས་མས་ཟིན་ཡོད་པ་རེད།

ཡིན་ནའང་། ལོ་རེའི་འོ་མ་བཞོ་རྒྱུ་མང་བའི་དུས་ཡུན་ཟླ་བ་གསུམ་ཙམ་ལས་མེད་ལ། འོ་མ་བཞོ་རྒྱུ་ཉུང་བའི་སྐབས་སུ། དཀར་ཆུའི་ཁེ་ལས་མང་པོ་ཞིག་གིས་ཉོ་སྒྲུབ་བྱེད་མཚམས་འཇོག་གི་ཡོད་པས་འབྲོག་པའི་འོ་མ་འཚོང་ས་མེད་པའི་གནས་ཚུལ་ཐོན་པ་རེད།

ཇི་ལྟར་བྱེད། འཁྱགས་མཛོད་འཛུགས་སམ།

རྣམ་རྒྱལ་མཁར་གྱིས། ད་ཆ་འོ་མ་སོས་པ་དག་མཉམ་ལས་ཁང་གིས་ཉོ་སྒྲུབ་བྱས་རྗེས་འཁྱགས་པ་ཐེབས་སུ་བཅུག་ནས་ཕྱིར་འཚོང་གི་ཡོད་ཅེས་གསར་འགོད་པར་བརྗོད།

ན་ནིང་། མཉམ་ལས་ཁང་གིས་འབྲོག་པའི་འོ་མ་སྤྱི་རྒྱ་ཁྲི་6ཡས་མས་ཉོ་སྒྲུབ་བྱས་པར་སྒོར་ཁྲི་60ལྷག་ཙམ་ཟིན་པ་དང་། མཉམ་ལས་ཁང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དྲུག་པོ་རེ་རེར་ཁེ་སྤོགས་སྒོར་ཁྲི་3.8རེ་བགོ་བཤའ་བརྒྱབ་པ་དང་། ལྷག་མ་དུད་ཚང་བཅུ་གཉིས་རེ་རེར་ཁེ་སྤོགས་སྒོར་ཁྲི་3.6རེ་བགོ་བཤའ་བརྒྱབ་པ་རེད།

ད་ལོའི་ཟླ་བརྒྱད་པའི་བར། ཀན་ལྷོ་ཁུལ་གྱི་གྲོང་ཚོ་དབུལ་པོ་309ཡིས་རྫོང་རིམ་པའི་ཞིང་འབྲེལ་བསྡུ་སྒྲིལ་མ་དངུལ་སྒོར་ཁྲི་3711དོན་འཁྱོལ་བྱས་ནས་ཁྱོན་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་275ལ་རོགས་སྐྱོར་བྱས་ཏེ། གཞི་ཁྱོན་ཅན་གྱི་འདེབས་འཛུགས་རྟེན་གཞི་648བཙུགས་ཡོད་པ་རེད།

“ཐོན་ལས་འཕེལ་རྒྱས་ནི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུ་གལ་ཆེ་ཤོས་ཤིག་ཡིན”ཀན་ལྷོ་ཁུལ་གྱིས་འདི་ལོར་ད་དུང་གཟན་རྩྭའི་ཕྱུགས་ལས་ཀྱི་གཙོ་ཁྲིད་ཐོན་ལས་འཛུགས་སྐྲུན་རྣམ་གྲངས་ཀྱི་མ་དངུལ་ཡང་དོན་འཁྱོལ་བྱས་ནས། གྲོང་ཚོ་དབུལ་པོའི་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཁེ་ལས་ཀྱི་ལས་སྣོན་ཐོན་སྐྱེད་བརྒྱུད་རིམ་སྒྱུར་བཀོད་རིམ་སྤོར་བྱེད་པར་གཙོ་གནད་སྤྱོད་རྒྱུ་ཡིན་ཞེས་ཀན་ལྷོ་ཀྲོའུ་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་དབྱང་ཞུའེ་ཧྥིང་གིས་བརྗོད་པ་རེད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།