ཀན་ལྷོ་བོད་རིགས་ས་ཁུལ་གྱི་འགྱིག་ཤོག་ལས་འཕྲོས་པའི་དབུལ་སྒྲོལ་བསམ་གཞིག

དེ་སྔ། འགྱིག་ཤོག་སྐོར་གླེང་སྐབས། འབྲོག་པ་དཔལ་དཀར་ཁོང་ཁྲོ་ཆེན་པོ་ལངས་ཀྱི་ཡོད། གང་ལགས་ཤེ་ན“ནོར་ལུག་གིས་གང་སར་ཁྱབ་པའི་འགྱིག་ཤོག་བཟས་པའི་རྐྱེན་གྱིས་ཤི་འགྲོ་བས་དཔལ་འབྱོར་ལ་གྱོང་གུན་ཆེན་པོ་བཟོ་ཡི་ཡོད”སྟབས་ལེགས་པ་ཞིག་ལ་ད་ཆ་དཔལ་དཀར་སྡོད་སའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འགྱིག་ཤོག་ཕྱོགས་ཡོངས་ནས་གཏན་འགོག་བྱས་པས་ཁོང་ལ་དེ་སྔའི་སེམས་ཁྲལ་དེ་འདྲ་གཏན་ནས་མེད།

ཀན་སུའུ་དང་། མཚོ་སྔོན། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་སྦྲེལ་མཚམས་སུ་གནས་པའི་ཀན་ལྷོ་ཁུལ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩ་གསོ་ཁུལ་གལ་ཆེན་ཞིག་རེད། དེ་སྔ། འགྱིག་ཤོག་སྤྱད་པའི་རྐྱེན་གྱིས་ཀན་ལྷོ་ས་མཐོའི་མཚོ་དང་ཆུ་རྒྱུན་སོགས་ལ་སྦགས་བཙོག་ཤོར་ནས་ནོར་ལུག་སོགས་ཕྱུགས་རིགས་ཀྱི་བདེ་ཐངས་ལ་ཤུགས་རྐྱེན་བཟོ་ཡི་ཡོད།

2013ལོའི་ཟླ་བཞི་པར། ཀན་ལྷོ་ཁུལ་གྱིས་ཁུལ་ཡོངས་ཀྱི་སྤྱི་ལེ་ངོས་གྲུ་ཁྲི4.5ཡི་རྩྭ་ཐང་སྲུང་སྐྱོང་བྱ་ཆེད། འགྱིག་ཤོག་ཐོན་སྐྱེད་དང་། ཚོང་གཉེར། སྤྱོད་མི་ཆོག་པ་བཟོས།

ཀན་ལྷོ་ཁུལ་ཁྲོམ་ར་ལྟ་སྡོམ་སྡེ་ཚན་གྱིས་འགྱིག་ཤོག་ཐོན་སྐྱེད་ཀྱི་འབྱུང་ཁུངས་དང་སྒོ་རྩིས་ཚོང་ཁང་དང་ཁྲོམ་ར་སོགས་ཚོང་ཟོག་བསིལ་ཚོང་བྱ་ཡུལ་དུ་ཞིབ་བཤེར་ཡང་ཡང་བྱེད་པ་དང་ཁོར་ཡུག་སྲུང་སྐྱོང་རས་ཁུག་རང་འགུལ་ངང་སྤྲོད་པ་ལ་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ་འགྱིག་ཤོག་གཏན་འགོག་གི་ལས་དོན་ལ་སྐུལ་འདེད་བཏང་བ་རེད།

ལོ་གཅིག་ལྷག་ཙམ་བཅོས་སྒྲིག་བྱས་པ་བརྒྱུད། ལོ42ལ་སླེབས་པའི་དཔལ་དཀར་གྱིས་རྩྭ་ཐང་གི་འགྱུར་ལྡོག་མིག་མཐོང་ལག་ཟིན་བྱུང་ཞིང་། འགྱིག་ཤོག་བཟས་ནས་ནོར་ལུག་ཤི་བའི་གནས་ཚུལ་གཅིག་ཀྱང་ཐོན་མེད་ལ། གསོ་ཚགས་ཀྱི་ཡོང་འབབ་ཀྱང་རིམ་བཞིན་མང་དུ་ཕྱིན། དེར་བརྟེན་ཁོང་ལ“འགྱིག་ཤོག་གཏན་འགོག་བྱས་ན་རང་ཉིད་ལ་ཕན་པ་ཡོད་པའི”ངོས་འཛིན་བྱུང་།

“རས་ཁུག་འཁྱེར་རྒྱུ”དང“ལག་གཟེབ་འཁྱེར་རྒྱུ”དེ་ཀན་ལྷོར་དར་སྲོལ་ཞིག་ཏུ་གྱུར་ཡོད། འགྱིག་ཤོག་གཏན་འགོག་བྱས་ནས་ཕན་པ་འདི་འདྲ་ཐོན་ནའང་ཀན་ལྷོ་ཁུལ་གྱིས་བྱ་སྤྱོད་སྤེལ་མཚམས་བཞག་མེད། གང་ཡིན་ཟེར་ན། མི་ཕྱུགས་མཉམ་དུ་སྡོད་པ་དང་། བཙོག་ཆུ་གང་སར་རྒྱུག་པ། གད་སྙིགས་རི་ལྟར་སྤུང་བ་བཅས་ཀྱི་ཁོར་ཡུག་ཟང་ཟིང་གི་གནས་ཚུལ་སྔར་བཞིན་གནས་པས་རེད།

2015ལོར། ཀན་ལྷོ་ཁུལ་གྱི་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁོར་ཡུག་བཅོས་སྒྲིག་གི་ལས་དོན་ཆེན་པོ་ཞིག་སྤེལ་ཏེ་འཕྲོད་བསྟེན་ཟང་ཟང་གི་འབྱུང་རྩ་མེད་པ་བཟོས་ནས་རང་བྱུང་ཁམས་དྭངས་གཙང་ལྷད་མེད་ཡོང་བ་བྱས་ཡོད། ས་གནས་སྲིད་གཞུང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱ་རྒྱུ་དེ་རྫོང་དང་ཆུས་ཀྱི་འགོ་ཁྲིད་གཙོ་བོར་དཔྱད་ཞིབ་ཀྱི་ནང་དོན་དང་དེ་བཞིན་དྲ་མིག་ཅན་དོ་དམ་གྱི་མ་ལག་ནང་བཅུག་ནས་ཁུལ་ཡོངས་ཡུལ་སྐོར་གྱི་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་བཏོད་ཡོད།

ཀན་ལྷོ་ཁུལ་བསང་ཆུ་རྫོང་ཆུ་སྔོན་ཤང་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་ལུའུ་སུང་ཕིང་གིས་ཐོག་མར་འགྱིག་ཤོག་གཏན་འགོག་བྱེད་སྐབས། ཞིང་འབྲོག་པས་སྔར་བཞིན་གད་སྙིགས་དབྱུགས་ཀྱི་འདུག ཤང་དང་གྲོང་རྡལ་གྱི་ལས་བྱེད་པས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་སྤྱད་ནས་མང་ཚོགས་ཀྱི་འཕྲོད་བསྟེན་འདུ་ཤེས་ཟབ་ཏུ་གཏོང་བར་ལྕག་སྐུལ་བྱས་པ་དཔེར་ན། དུས་ཚིགས་རེར་ཁོར་ཡུག་གཙང་སྦྲ་ལེགས་པའི་གྲོང་ཚོ་གཅིག་དང་ཁྱིམ་ཚང་གཅིག་བདམས་ནས་བྱ་དགའ་འོས་འཚམ་སྤྲོད་པ་དང་། ཡུལ་མིས་ཚོགས་ཆུང་དབྱེ་ནས་གྲོང་ཚོའི་ནང་གི་ཁོར་ཡུག་གཙང་སྦྲའི་འགན་ཁུར་ཏེ་གྲོང་ཚོའི་ཁྱབ་ཁོངས་སུ་གད་སྙིགས་གཙང་སེལ་བྱེད་པ་སོགས་རེད་ཅེས་ངོ་སྤྲོད་བྱས་པ་རེད།

ཀན་ལྷོ་ཁུལ་གྱི་ཁུལ་ཨུད་ཀྱི་ཧྲུའུ་ཅི་ཡུས་ཁྲེང་ཧུའེ་ཡིས“ཉེ་བའི་ལོ་ཤས་རིང་། ཀན་ལྷོས་རི་ཆུ་ཀླུང་གསུམ་དང་། གྲོང་ཁྱེར་དང་གྲོང་གསེབ། ཁང་པའི་རྒྱབ་མདུན་བཅས་་གཙང་མ་ཡོང་བ་བྱས་ཡོད”ཅེས་ངོ་སྤྲོད་བྱས།

འདི་གར། ལྟ་ན་སྡུག་པའི་རང་བྱུང་མཛེས་ལྗོངས་དང་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཡོད། ཡིན་ནའང་རི་འདབས་དང་ཆུ་ངོགས་སུ་གནས་པའི་གྲོང་ཚོའི་ཕྱི་ནང་གི་བཀོད་པ་ལེགས་སུ་གཏོང་མི་ཐུབ་པས་མང་ཚོགས་ལ་ཡུལ་སྐོར་གྱི་ཡོང་འབབ་རག་ཐབས་བྲལ་བས་ཀན་ལྷོ་ཀྲོའུ་སྲིད་གཞུང་ལ་དེ་བས་བརྗིད་ཆེའི་བསམ་བཀོད་ཡོད།

དེར་བརྟེན་ཀན་ལྷོ་ཁུལ་གྱིས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ཀྲོའུ་ཡོངས་སུ་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་གྲོང་ཚོ་བཏོད་དེ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་སོགས་ཐད་ནས་གྲོང་གསེབ་སྒྱུར་བཀོད་དང་ཞན་ཆ་གསབ་ནས་གྲོང་གསེབ་དར་རྒྱས་ཡོང་བ་བྱེད་ཀྱི་ཡོད།

རླངས་འཁོར་དལ་བུར་བཞུད་སྐབས། ཀན་ལྷོ་བོད་རིགས་ས་ཁུལ་གྱི་རྩ་ཆེའི་དགོན་སྡེ་དང་། མུ་མེད་རྩྭ་ཐང་། མཛེས་སྡུག་ལྡན་པའི་གྲོང་ཚོ་བཅས་ཀྱི་རང་བྱུང་མཛེས་ལྗོངས་ནི་པིར་རྩལ་མཁན་པོའི་སོར་རྩེ་ལས་འཁྲུངས་པའི་རི་མོ་ལྟ་བུར་སྣང་།

སྔོན་ཆད་ཕྱུགས་འཚོས་ནས་དབུལ་ཞྭ་འབུད་རྒྱུ་དེ་ད་ཆ་ཡུལ་སྐོར་འཕེལ་རྒྱས་བཏང་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་འཕེལ་རྒྱས་ཕྱིན་ཡོད། ཁོར་ཡུག་བཅོས་སྒྲིག་བྱས་པས་ཀན་ལྷོ་བོད་རིགས་ས་ཁུལ་ལ་ཚོང་ལས་ཀྱི་གོ་སྐབས་མང་པོ་བྱུང་ཡོད། 2019ལོའི་ལོ་སྟོད་དུ་ཁུལ་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་619.25ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་30.25བྱུང་སྟེ། 10.83%དང་8.38%སོ་སོར་འཕར་ཡོད།

བསྟན་འཛིན་གྱིས“གྲོང་ཚོའི་ཕྱི་ནང་གི་བཀོད་པ་ལེགས་སུ་ཕྱིན་པས་ཡུལ་སྐོར་བ་མང་དུ་ཕྱིན་པ་དང་དངུལ་ཁུག་ཀྱང་ལྗིད་ཏིག་ཏིག་ཏུ་གྱུར་ནས། སེམས་པ་སྐྱིད་པོ་འདུག”ཅེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།