ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཅོ་ནེའི་མི་རིགས་ཤང་ནས“མཐུན་སྒྲིལ་གྱི་མེ་ཏོག”རབ་ཏུ་བཞད།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-08-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

timg.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་མང་རིང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་འཚོ་བ་སྐྱེལ་མཁན་རྒྱ་རིགས་དང་། བོད་རིགས། ཧོར་རིགས་སོགས་མི་རིགས་མང་པོའི་སྤུན་ཟླས་མཉམ་དུ་འཚོ་སྡོད་དང་ཕན་ཚུན་རོགས་རམ་བྱས་ཏེ་ཕྱུག་འགྱུར་གྱི་བདེ་སྐྱིད་ལམ་བུའི་ཐོག་བསྐྱོད་པ་དང་ཆབས་ཅིག མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་མཚར་སྡུག་ལྡན་པ་ཞིག་བཞད་པར་བྱས་ཡོད།

ཉིན་དགུང་སྐབས་སུ་ཉི་འོད་འོག་གི་རྩྭ་ཐང་མཐའ་ཡས་པའི་ལྗང་མདོག་གི་ས་གདན་ཞིག་ལྟར་སྣང་ཞིང་། ཀན་ལྷོ་ཁུལ་ཅོ་ནེ་རྫོང་ཧྲའོ་ཝ་ཧོར་རིགས་ཤང་ཏ་ཀྲོང་གྲོང་ཚོར་དུ་བ་ལྷོག་ལྷོག་ཏུ་འཕྱུར་ཞིང་དགུང་ཟས་ཟ་བའི་དུས་ལ་སླེབས། ལོ27ལ་སླེབས་པའི་བོད་རིགས་བུ་མོ་པད་མ་མཚོས་སྔོན་ལ་འཁར་རྒྱུག་འཁྱེར་བའི་སྒྱུག་པོ་ཝུའུ་སན་ཤིན་སྐྱོར་ཏེ་ཁང་པའི་ནང་ངལ་གསོ་བར་འཁྲིད་པ་དང་དེ་ནས་ཐབ་ཚང་ནང་ལོག་སྟེ་གཙང་སྦྲ་བྱེད་འགོ་ཚུགས།

ལོ50ལ་སླེབས་པའི་རྒྱ་རིགས་ཀྱི་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་ཡིན་པའི་ཝུའུ་སན་ཤིན་གྱིས་མི་འཕྲད་རིམ་བཞིན་མནའ་མའི་ཡག་རབས་བརྗོད་ཅིང་། ཁོང་གིས“2014ལོར་ངས་མི་གཞན་ལ་ཁང་པ་རྒྱག་རོགས་བྱེད་སྐབས་སྐེད་པར་རྨས་སྐྱོན་ཕོག་པ་དང་། དེ་ནས་པད་མ་མཚོས་ད་བར་ང་དང་བཟའ་ཟླར་གཡོག་ཡག་པོ་རྒྱུག་བྱུང་། ངའི་ངལ་ནུས་ཤོར་བ་དང་བུ་ཕྱིར་གླ་པར་ཕྱིན་པས་ཁྱིམ་གྱི་ཕྱི་ནང་ཚང་མ་པད་མ་མཚོར་བརྟེན་དགོས་ཀྱི་ཡོད”ཅེས་བཤད།

ཧྲའོ་ཝ་ཧོར་རིགས་ཤང་གི་ཤང་ཀྲང་ཁྲང་དབྱིང་ཚའོ་ཡིས་ངོ་སྤྲོད་བྱས་པར། ཤང་འདིའི་ཁོངས་གཏོགས་སུ་གྲོང་ཚོ་གཉིས་ཡོད་པ་དང་ཁྱོན་མི་གྲངས1800ཙམ་ཟིན་པའི་ནང་བོད་རིགས་དང་། རྒྱ་རིགས། ཧོར་རིགས་བཅས་ཀྱིས་ཧ་ལམ་གསུམ་ཆ་གཅིག་སོ་སོར་བཟུང་བ་དང་། ཧོར་རིགས་ཀྱིས་གཙོ་བོ་བཟུང་བའི་མི་འབོར་ཅུང་ཉུང་བའི་མི་རིགས་ཤང་ཞིག་ཡིན།

པད་མ་མཚོའི་བཟའ་ཟླ་ཝུའུ་ལའེ་ཧྲེང་གིས་ཕྱིར་སྐྱེལ་འདྲེན་གླ་པ་བྱེད་ཀྱི་ཡོད། ཁོང་གིས“ངས་ཡོང་འབབ་གསོག་པ་དང་བཟའ་ཟླས་ཁྱིམ་ལ་ལྟ་རྟོག་བྱེད་ཀྱི་ཡོད། ད་ཆ་ངའི་རེ་བ་ཆེ་ཤོས་ནི་སློབ་ཆེན་འགྲིམ་བཞིན་པའི་གཅུང་མོ་གཉིས་བདེ་བླག་ངང་སློབ་གྲྭ་ཐོན་ཐུབ་པ་བྱ་རྒྱུ་དེ་ཡིན། གླ་པ་བྱས་པའི་ཡོང་འབབ་ཕུད། སྲིད་གཞུང་གིས་ང་ཚོ་ནང་མི་བརྒྱད་པོར་རིགས་གཉིས་པའི་ཟླ་རེའི་མ་མཐའི་འཚོ་བའི་ཁ་གསབ་དངུལ་སྒོར3000ཙམ་སྤྲོད་ཀྱི་ཡོད་པས་ལྟོ་གོས་ལ་སྤྱིར་ན་སེམས་ཁྲལ་མི་འདུག སླད་ཕྱིན་དབུལ་སྒྲོལ་ཐུབ་པའི་ཡིད་ཆེས་ཆེན་པོ་ཡོད”ཅེས་བཤད།

ཝུའུ་ལའེ་ཧྲེང་གིས་ངོ་སྤྲོད་བྱས་པར། 2017ལོར་ཁོང་དང་འདྲ་བའི་གནད་སྨིན་དུད་ཚང་དབུལ་པོར་སྲིད་གཞུང་གིས་སྣོད་བཅུད་ཤེས་དཔལ་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་མ་དངུལ་ཆ་སྙོམས་སྒོར་ཁྲི་2.5སྤྲད་པས། ཁོང་གིས་ཁང་མིག་གསུམ་ཡོད་པའི་སྨི་ངོས་གྲུ60ལྷག་ཙམ་གྱི་སྡོད་ཁང་གསར་པ་ཞིག་བརྒྱབ། “ཨ་ཅག་ཁྲང་ལགས་དང་འདྲ་བའི་གྲོང་གསེབ་ཀྱི་ལས་བྱེད་པ་རྟག་ཏུ་ཁྱིམ་དུ་རོགས་པ་བྱེད་པར་ཡོང་གི་ཡོད། ང་ཚོ་ནང་ཚང་གཅིག་དང་ཁྱད་མེད”ཁོང་གིས་བརྗོད་པའི“ཨ་ཅག་ཁྲང་ལགས”ནི་ཧོར་རིགས་ལས་བྱེད་པ་ཁྲང་དབྱིང་ཚའོ་ཡིན་པ་རེད།

གསར་འགོད་པ་ཁྲང་དབྱིང་ཚའོ་སོགས་གྲོང་གསེབ་ཀྱི་ལས་བྱེད་པ་དང་མཉམ་དུ་དུད་ཚང་དུ་སྐྱོད་སྐབས། ཁྲང་དབྱིང་ཚའོ་སོགས་ཀྱིས་གྲོང་མི་མང་ཆེ་བའི་མིང་ཤེས་པ་དང་། གྲོང་མི་ཚོས་ཀྱང་ཁོང་ལ“ཨ་ཅག་ཁྲང་ལགས”ཞེས་འབོད་ཀྱི་ཡོད། “ང་ཚོ་གྲོང་གསེབ་ཀྱི་ལས་བྱེད་པར་སྤྱིར་ན་ངལ་གསོའི་དུས་ཚོད་མེད། ང་ཚོའི་དུས་ཚོད་མང་ཆེ་བ་དུད་ཚང་དུ་གྲོང་མི་ཚོའི་གནས་ཚུལ་ཤེས་རྟོགས་བྱེད་པར་འགྲོ་དགོས་པ་དེ་ཡིན”ཞེས་ཁྲང་དབྱིང་ཚའོ་ཡིས་བཤད།

ས་མཐོའི་ཉི་ཟེར་གྱིས་བསྲེགས་ནས་ངོ་གདོང་སྨུག་པོར་གྱུར་པའི་ཁྲང་དབྱིང་ཚའོ་ཡིས“ལས་བྱེད་པ་ཚང་མས་གྲོང་མིའི་ཁྱིམ་དུ་ཡོང་ནས་མི་རིགས་ཁག་གི་མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་བཤད་ཚེ། ཁོང་ཚོའི་དངོས་ཡོད་དཀའ་ངལ་གཞི་ནས་ཐག་གཅོད་ཐུབ་སྲིད། གལ་ཏེ་གྲོང་པ་ཁྱིམ་མཚེས་དབར་འགལ་ཟླ་བྱུང་ཚེ། དང་ཐོག་གྲོང་སྲོལ་དམངས་ཆིངས་ལ་བརྟེན་ནས་ཐག་གཅོད་བྱེད་པ་དང་། དེ་ནས་གྲོང་གསེབ་ཀྱི་ལས་བྱེད་པས་བར་འདུམ་བྱེད་ཀྱི་ཡོད། དེ་ལྟར་བྱས་ཚེ། ཚང་མ་དང་གྲོགས་པོ་བློས་ཐུབ་ཆགས་ཐུབ”ཅེས་བཤད།

ཧྲའོ་ཝ་ཧོར་རིགས་ཤང་གི་ཞིང་ནང་དུ་རྟོག་ཞིབ་བྱེད་བཞིན་པའི་ཀྲུང་ནན་མི་རིགས་སློབ་ཆེན་ཚན་རིག་ཞིབ་འཇུག་འཕེལ་རྒྱས་ཁང་གི་ཡོན་ཀྲང་གཞོན་པ་ཀེང་ཤིན་གྱིས། ལོ་རྒྱུས་ཐོག་ཀན་ལྷོ་ས་ཁུལ་དེ་ཉིད་ཞིང་ལས་ནས་འབྲོག་ལས་བར་བརྒལ་ས་ཁུལ་དུ་གྱུར་པ་དང་། “ལོ་ངོ་སྟོང་གི་རིང་། མི་རིགས་མང་པོས་ས་ཆ་དེའི་སྟེང་དུ་རྨོ་འདེབས་དང་ཕྱུགས་འཚོས་ནས་ཞི་མཐུན་མཉམ་གནས་བྱས་པར་བརྟེན། མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་གཞི་ནས་ད་བར་རྒྱུན་མཐུད་བྱུང་བའི”ངོས་འཛིན་བྱས།

ས་སྲོས་སྐབས་སུ། 《མེས་རྒྱལ་ལ་བསྟོད་གླུ་ལེན》ཞེས་པའི་གླུ་དབྱངས་རྩྭ་ཐང་སྟེང་དུ་ཁྱབ། དཔྱད་གཞི་འཚོལ་བསྡུ་བྱེད་པར་ཡོང་བའི་ཀྲུང་ནན་མི་རིགས་སློབ་ཆེན་གྱི་རོལ་དབྱངས་ཞབས་བྲོ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལི་ཧྲེང་ཀུའེ་ཡིས་ཡུལ་སྐོར་བ་དང་མི་རིགས་ཁག་གི་མང་ཚོགས་འབོད་སྐུལ་བྱས་ཏེ་མཉམ་དུ་གླུ་ལེན་གར་འཁྲབ་བྱས་པ་རེད། དགའ་སྤྲོས་འཁོལ་བའི་མི་ཚོགས་ལ་བལྟ་བཞིན་དུ་ཝུའུ་ལའེ་ཧྲེང་གིས་འདི་ལོ་ཞིང་ཁྱིམ་སྤྲོ་སྐྱིད་ཁང་ཞིག་གཉེར་ནས“དབུལ་ཞྭ”མགྱོགས་ཙམ་འབུད་རྒྱུའི་བསམ་བློ་འཁོར།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།