ཀྲུང་གོ་བོད་ཀྱི་དྲ་བ།

བདེ་སྐྱིད་ལྡན་པའི་ཞིང་སྡེའི་རྣམ་པ་གསར་བ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

——ཀན་སུའུ་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ཡུལ་དངོས་སྐུལ་འདེད་ཚོགས་འདུ་དང་ལྟ་སྦྱོང་གི་གནས་ཚུལ་རགས་བཀོད།

ཟླ6པའི་ཀན་ལྷོ་ནི་ཞིང་ལ་ལོ་ལེགས་ཀྱི་སྙེ་མ་འབུས་ཤིང་མེ་ཏོག་སྣ་ཚོགས་སྡུག་གུར་བཞད་པའི་དུས་ཚིགས་ཤིག་ཡིན། ཚེས12ཉིན་ལ། ཅོ་ནེ་རུ་ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་ནས་ཡོང་བའི་སྐུ་མགྲོན་ཁག་ཅིག་བསུས་ཤིང་། ཉིན་དེར་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་སྐུལ་འདེད་ཚོགས་འདུ་ཅོ་ནེ་རྫོང་དུ་ཚོགས། “ཁུལ་གཉིས་དང་རྫོང་གཅིག”དང་ཞིང་ཆེན་རིམ་པའི་ཤིན་ཏུ་དབུལ་བའི་རྫོང18ནས་ཡོང་བའི་ཚོགས་ཞུགས་མི་སྣ130ལྷག་ཅོ་ནེ་རུ་འཛོམས་པ་དང་། ཡུལ་དངོས་ལྟ་སྦྱོང་དང་ཚོགས་འདུའི་རྣམ་པའི་སྒོ་ནས་ཉམས་མྱོང་བརྗེ་རེས་དང་སློབ་སྦྱོང་བྱས།

ཉིན་དེའི་སྔ་དྲོར་ཚོགས་ཞུགས་མི་སྣ་ཚང་མ་རྫོང་ནས་ལམ་ལ་ཆས་ཏེ་སྔ་རྗེས་སུ་མ་རུ་གྲོང་རྡལ་དང་རྣ་ལུང་གྲོང་རྡལ་གྱི་དཔའ་ཡུལ་སྡེ་བ། རྭ་ལུང་སྡེ་བ། ལུས་གསེར་སྡེ་བ་སོགས་སུ་སོང་ནས། ཅོ་ནེ་རྫོང་གིས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་དང་ཤེས་རིག་ལྡན་པའི་ཡུལ་སྲོལ་འཛུགས་སྐྲུན་བྱས་པ། གསར་བརྗེའི་རིག་གནས་ཐོན་ཁུངས་ལ་བརྟེན་པ་དང། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱས་པ་བརྒྱུད་དེ་ས་གནས་མང་ཚོགས་དབུལ་ཐར་ཕྱུག་འགྱུར་བྱེད་པར་སྐུལ་འདེད་གཏོང་བའི་ཉམས་མྱོང་དང་བྱ་ཐབས། ཐོབ་ཟིན་པའི་གྲུབ་འབྲས་ལ་ཡུལ་དངོས་སུ་ལྟ་སྦྱོང་བྱས།

ཉེ་བའི་ལོ་ཤས་རིང་། ཀན་ལྷོ་ཁུལ་གྱིས་ཁུལ་ཡོངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དམངས་ཡོངས་ཀྱིས་ལག་པ་འགུལ་བ་རྒྱུན་འཁྱོངས་བྱས་པ་དང་སྤྱི་ཚོགས་ཡོངས་ཟབ་ཞུགས་བྱས་པ། རིམ་པ་ཁག་གི་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་ཀྱི་ནུས་པ་དང་སྡེ་སྡོད་རོགས་སྐྱོར་བྱ་བྱེད་རུ་ཁག་གི་སྐུལ་འདེད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རིམ་པ་ཁག་གི་ལས་བྱེད་པ་དབུལ་ཐར་བྱ་བ་ལ་ཞུགས་པ་དང་། ཐོན་ཁུངས་སྣ་ཚོགས་དབུལ་ཐར་ཐད་དུ་བཀོལ་བ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་དབུལ་ཐར་ལ་རོགས་སྐྱོར་བྱེད་པའི་དབུལ་སྐྱོར་གྱི་རྣམ་པ་གསར་བ་ཞིག་བསྐྲུན་ཞིང་། རྒྱུན་ཆད་མེད་པར་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་སྟོབས་ཤུགས་གཅིག་སྒྲིལ་བྱས།

རྣ་ལུང་གྲོང་རྡལ་ལུས་གསེར་སྡེ་བ་རུ། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཁང་ཆིན་དང་སྡེ་བའི་ཏང་ཡོན་རྒན་པ་ཝང་ཅིན་ཚའེ་གཉིས་ཀྱིས་ཁ་བརྡ་བྱས་པར། ཝང་ཅིན་ཚའེ་ཡིས་སྤྲོ་སེམས་འཁོལ་བའི་ངང་ནས“‘སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ’ནི་དངོས་གནས་ཡག་པོ་འདུག ང་ཚོ་ཞིང་སྡེའི་བྱིས་པ་རྣམས་སློབ་གྲྭར་འགྲོ་བར་སྟབས་བདེ་ཡིན་པ་དང་། སྒོར་མོ་བཙལ་སླ་བ། འགྲིམ་འགྲུལ་སྟབས་བདེ་ཡིན་སོང”ཞེས་བཤད།

ལྟ་སྦྱོང་ཚན་ཚུང་ས་གནས་གང་དུ་ཕྱིན་ཡང་སྡེ་མི་རྣམས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད་ལ། མཛེས་སྡུག་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཞིང་སྡེའི་རྣམ་པ་གསར་བ་ཞིག་ཚང་མའི་མིག་མདུན་དུ་མངོན།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲ་ཕྱོགས་བསྡུས་བཅོས་སྒྲིག་དང་། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན། ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་བསྐྱོད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་སོགས་དམངས་ཕན་བྱ་ཐབས་རབ་དང་རིམ་པ་སྤྱད་དེ་ཞིང་སྡེའི་རྣམ་པ་དང་ཞིང་བའི་འཚོ་བ་ཇེ་ལེགས་སུ་བཏང་། ད་སྐབས་ཀྱི་ཀན་ལྷོ་བོད་རིགས་ས་ཁུལ་དེ་རྣམ་པ་གསར་བ་ཞིག་གི་སྒོ་ནས་མི་རྣམས་ཀྱི་མིག་མདུན་དུ་མངོན་ཡོད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།