ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་དང་མཚོ་སྔོན་གྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིང་ཆེན་ལས་བརྒལ་བའི་རོགས་ལས་བྱས་ནས་མདོ་ལ་རི་བོའི་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་ཐབས་འཚོལ་ཞིབ་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཀན་སུའུ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་ཀན་སུའུ་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱིས་མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་དང་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཞིབ་དཔྱོད་རོགས་ལས་ལམ་སྲོལ་འཛུགས་རྒྱུ་འཚོལ་ཞིབ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ས་ཁོངས་ལས་བརྒལ་བའི་ཁྲིམས་འཛིན་སྲུང་སྐྱོང་གི་དཀའ་གནད་མཉམ་དུ་སེལ་བའི་ཚོད་ལྟ་བྱ་རྒྱུ་རེད།

མདོ་ལ་རི་བོ་ནི་ནུབ་རྒྱུད་ས་ཁུལ་གྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་ཞིང་། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་སུ་ཡོད་པ་དང་སྲིད་འཛིན་ཁུལ་ཁོངས་བརྒལ་བའི་སྲུང་སྐྱོང་དོ་དམ་སྒྲིག་སྲོལ་གྱི་གནད་དོན་ནི་དེ་སྔོན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅོས་སྒྲིག་ལ་འཕྲད་པའི་དཀའ་གནད་ཅིག་རེད། ཀན་སུའུ་ཞིང་ཆེན་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གཞོན་པ་ཏིང་ཞཱ་མིན་གྱིས་ཞིང་ཆེན་གཉིས་ཀྱི་ཞིབ་དཔྱོད་རོགས་ལས་དེ་མདོ་ལ་རི་བོའི་ས་ཁོངས་ལས་བརྒལ་བའི་སྐྱེ་ཁམས་ཁོར་ཡུག་གྱོད་དོན་གྱི་མངའ་ཁོངས་དང་། ཁྲིམས་འཛིན་གྱི་གྱོད་སྒྲུབ་རོགས་ལས་དང་ལས་ཀའི་འབྲེལ་གཏུག་སྤེལ་རེས་སོགས་ཁྱབ་ཁོངས་ལ་གཙོ་གནད་ཐོག་དམིགས་ཏེ་བྱ་རྒྱུ་ཡིན་ཞིང་། མིག་སྔར་རོགས་ལས་ཀྱི་དུས་འགོའི་ལས་དོན་ལེགས་གྲུབ་ཟིན་ཡོད་ཅེས་བཤད།

གཞན་ཡང་། ཀན་སུའུ་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱིས་ཧྲའན་ཤིས་དང་། ཉིང་ཞ། ཤིན་ཅང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཞིབ་དཔྱོད་ལས་ཁུངས་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཆིན་ལིང་རི་རྒྱུད་དང་། ལིའུ་ཕན་རི་བོ། རྨ་ཆུ། ཅ་ལིང་གཙང་པོ་སོགས་ཁུལ་ཁོངས་ལས་བརྒལ་བའི་རི་བོ་དང་གཙང་པོའི་སྐྱེ་ཁམས་ཁོར་ཡུག་ཧྲིལ་པོ་སྲུང་སྐྱོང་ལ་སྐུལ་འདེད་བཏང་ནས་གཞི་གཅིག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་ཞིབ་དཔྱོད་སྲུང་སྐྱོང་གི་རྣམ་པ་ཞིག་ཆགས་པ་བྱ་རྒྱུ་རེད།

ཉེ་བའི་ལོ་ཤས་རིང་། ཀན་སུའུ་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱིས་སྐྱེ་ཁམས་ཁོངས་གཏོགས་ཀྱི་སྤྱི་ཡོངས་རང་བཞིན་གྱི་ཁྱད་ཆོས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་མ་ལག་རང་བཞིན་གྱི་ཆོས་ཉིད་གཞིར་བཟུང་། སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་སྲུང་སྐྱོང་གི་ཞིང་ཆེན་དབར་གྱི་མཉམ་ལས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཁུལ་ཁོངས་ལས་བརྒལ་བའི་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་གྱི་མཉམ་འགུལ་ལམ་སྲོལ་བཙུགས་པ་དང་། རྨ་ཆུའི་རྒྱུད་ཀྱི་ཞིང་ཆེན་གྱི་ཞིབ་དཔྱོད་ལས་ཁུངས་དང་ཆུ་དོན་སྡེ་ཚན་མཉམ་དུ་ཞུགས་པའི“ལག་གདང་དཔུང་སྦྲེལ་ངང་བཙོག་ཟིང་བཞི་བསལ་ནས་མ་ཡུམ་གཙང་པོར་སྲུང་སྐྱོང་བྱེད”ཅེས་པའི་ཆེད་དོན་བྱ་སྤྱོད་ནང་ཞུགས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།