ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་སྐྱེལ་འདྲེན་དོ་དམ་ཅུས་ཀྱིས་ཁྲིམས་འགལ་གྱི་སྐྱེལ་འདྲེན་རླངས་འཁོར་ལ་རྡུང་རྡེག་བྱེད་པའི་ཆེད་དོན་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གཙོས་གྲོང་ཁྱེར་སྐྱེལ་འདྲེན་དོ་དམ་ཅུས་ཀྱིས་སྒྲིག་བཅོས་བྱ་ཐབས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ནས།  “ནག་སའི་ནག་སེལ། ནག་མེད་གཤེད་བཅོམ། གཤེད་མེད་བཙན་འགོག  བཙན་མེད་ཟིང་བཅོས”ཀྱི་རྩ་དོན་ལྟར། དྲིལ་བསྒྲགས་སློབ་གསོ་དང་སྐོར་ཞིབ་ལས་རེས། གཅིག་སྡུད་སྒྲིག་བཅོས་སོགས་ཀྱི་བྱ་ཐབས་སྤྱད་དེ། གཙོ་བོ་ལྷོ་བྱང་རླངས་འཁོར་ས་ཚིགས་གཉིས་ཀྱི་མཐའ་འཁོར་སོགས་སུ་ཁྲིམས་འགལ་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ལ་ཁྲིམས་ལྟར་སྒྲིག་བཅོས་དང་ཞིབ་བཤེར་བཀག་ཉར་བྱས། མིག་སྔར། འགྲིམ་འགྲུལ་སྐྱེལ་འདྲེན་སྒྲིག་ལམ་མངོན་གསལ་སྒོས་ཇེ་ལེགས་སུ་སོང་ཡོད།

གཙོས་གྲོང་ཁྱེར་སྐྱེལ་འདྲེན་དོ་དམ་ཅུས་ཀྱིས་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཁྲིམས་དང་འགལ་བའི་སྐྱེལ་འདྲེན་རླངས་འཁོར་གྱི་ཕྱོགས་བསྡུས་སྒྲིག་བཅོས་བྱ་འགུལ་གྱི་ཚན་ཆུང་བཙུགས་ནས། དུས་འགོའི་བརྟག་དཔྱད་མཐིལ་རྟོགས་བྱ་བ་ཡག་པོ་བསྒྲུབས། ཁྲིམས་སྐྱོང་མི་སྣས་མཐིལ་རྟོགས་བརྟག་དཔྱད་དང་ཁྲིམས་འགལ་སྐྱེལ་འདྲེན་རླངས་འཁོར་གྱི་འགུལ་སྐྱོད་བྱ་ཡུལ་གཙོ་བོ་དང་དུས་ཚོད་སོགས་རྒྱུས་ལོན་བྱས་ཤིང་། ལས་བགོས་བཀོད་སྒྲིག་དང་དོན་འཁྱོལ་བྱས་ནས། གཞུང་ལམ་སྐྱེལ་འདྲེན་གྱི་ཁྲིམས་འགལ་ལས་གཉེར་བྱ་སྤྱོད་ལ་ལྟ་སྐུལ་དོ་དམ་དང་རྡུང་རྡེག་ནན་མོ་བཏང་། ཡོངས་ཁྱབ་ཏུ་དྲིལ་བསྒྲགས་བྱས་ཏེ་ཁོར་ཡུག་ཡག་པོ་བསྐྲུན་ཞིང་། ཐེར་འདོན་གོང་ཞུའི་ཁ་པར་དང་། ཁྲིམས་འགལ་སྐྱེལ་འདྲེན་རླངས་འཁོར་ལ་ཆད་པ་གཅོད་པའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་སྤྱི་བསྒྲགས་བྱས་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཐེར་འདོན་གོང་ཞུ་དང་ལྟ་སྐུལ་བྱེད་པ་དང་། དམངས་ཡོངས་ཐེ་ཞུགས་བྱེད་པའི་ཁྲིམས་འགལ་རླངས་འཁོར་ལ་རྡུང་རྡེག་གཏོང་བའི་ཁོར་ཡུག་བསྐྲུན་པར་སྐུལ་མ་བཏང་།

ཐེངས་འདིའི་ཆེད་དོན་སྒྲིག་བཅོས་བྱ་འགུལ་གྱི་དུས་ཡུན་ཟླ་གཅིག་ཡིན། ལམ་སྲིད་དང་སྤྱི་བདེ་ ཉེན་རྟོག  འགྲིམ་འགྲུལ་སྡེ་ཁག་གིས་མི་སྣ་སྐོང་འཐེན་བྱས་ནས་ཁྲིམས་འགལ་སྐྱེལ་འདྲེན་རླངས་འཁོར་ལ་རྡུང་རྡེག་གཏོང་བའི་བྱ་འགུལ་ཚན་ཆུང་བཙུགས་ནས། དུས་ཚོད་དང་ས་གནས་ངེས་གཏན་མེད་པར་ཞིབ་བཤེར་བཀག་ཉར་བྱེད་པའི་བྱ་ཐབས་སྤྱད་དེ། ཁྲིམས་ལྟར་ཁྲིམས་འགལ་སྐྱེལ་འདྲེན་རླངས་འཁོར 30ཞིབ་བཤེར་བཀག་ཉར་བྱས་ཤིང་། ཐེར་འདོན་གོང་ཞུ་བྱས་པའི་མིང་ཐོ་ལྟར་ས་གནས་གཞན་གྱི་གླ་གཏོང་རླངས་འཁོར 101ལ་ཞིབ་དཔྱད་བྱས་རྗེས། གླ་གཏོང་རླངས་འཁོར་གྱིས་གཞན་ཡུལ་ནས་ལས་གཉེར་བྱེད་པའི་ཆད་གཅོད་གཏན་འབེབས་ལྟར་དེ་བསྟུན་གྱི་ཆད་པ་བཅད་པས། ནུས་ལྡན་གྱི་སྒོ་ནས་མངའ་ཁོངས་ཀྱི་ཁྲིམས་འགལ་སྐྱེལ་འདྲེན་རླངས་འཁོར་གྱི་ཁྲིམས་འགལ་ལས་གཉེར་བྱེད་པར་རྡུང་རྡེག་བཏང་ནས། སྐྱེལ་འདྲེན་ཚོང་རའི་སྒྲིག་ལམ་སྲུང་སྐྱོང་བྱས།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།