ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་ཐེངས་བཅུ་དྲུག་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླའི་བྱ་འགུལ་སྤེལ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-05-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱི་ཐེངས་བཅུ་དྲུག་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླའི་བྱ་འགུལ་སྤེལ་འགོ་བརྩམས་པའི་མཛད་སྒོ་གཙོས་ཤམ་བྷ་ལ་རིག་གནས་ཐང་ཆེན་དུ་སྤེལ་ཞིང་། དེས་ཀན་ལྷོ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླའི་བྱ་འགུལ་དངོས་སུ་སྤེལ་འགོ་བརྩམས་པ་མཚོན།

ཀན་སུའུ་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པའམ་ཞིང་ཆེན་དམངས་ཨུའི་ཀྲུའུ་རེན་མ་ཧུའུ་ཁྲིན་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་བཅས་འགོ་བརྩམས་པའི་བྱ་འགུལ་དུ་ཞུགས་པ་མ་ཟད་གཏམ་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ་ཡིས་བྱ་འགུལ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས་ཤིང་། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཁྲང་ཏེ། ཁུལ་དཔོན་གཞོན་པའམ་གཙོས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིའུ་ཡུང་ཀོ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲོལ་མ་སྐྱབས་བཅས་འགོ་བརྩམས་པའི་བྱ་འགུལ་དུ་ཞུགས།

མ་ཧུའུ་ཁྲིན་གྱིས་དེ་རིང་ཐེངས་བཅུ་དྲུག་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླའི་བྱ་འགུལ་སྤེལ་བ་ནི་ཀན་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མི་རིགས་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་པའི་མངོན་ཚུལ་གཙོ་བོ་ཡིན་ལ། 《ཀན་སུའུ་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་སྐྲུན་བྱ་བ་གཏིང་ཟབ་དང་རྒྱུན་མཐུད་ངང་སྤེལ་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སྐོར་གྱི་ལག་བསྟར་ཇུས་གཞི》ལག་ལེན་མཐར་ཕྱིན་བྱེད་པའི་གཞི་རྩའི་འགུལ་སྐྱོད་ཡིན་པས། སྔར་ལས་ལྷག་པར་དུ་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན།

ཀྲའོ་ལིན་ཡུན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཡོང་བའི་ཁྱོན་ཡོངས་དང་འབྲེལ་བ་དམ་ཟབ་ལྡན་པ་མ་ཟད། རང་ཁུལ་གྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་དང་སྤྱི་ཚོགས་ཡུན་རིང་གཏན་འཇགས་ཡོང་བར་སྐུལ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་པ་དང་། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པའི་ལོ་ཡིན་ཞིང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་གྲུབ་བྱེད་པའི་བརྒྱ་ལོ་དང་བོའི་དམིགས་འབེན་ལ་རྒྱལ་ཁ་འཐོབ་པའི་གནད་འགོག་གི་ལོ་ཡིན་པས། ད་ལོར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་གསར་སྐྲུན་ལེགས་པོ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཞེས་ནན་གྱིས་བསྟན།

བྱ་འགུལ་མཇུག་སྒྲིལ་རྗེས། གཙོས་གྲོང་ཁྱེར་དང་ཁུལ་ཐད་གཏོགས་ཀྱི་ལས་ཁུངས་དང་སྡེ་ཁག་མང་བོས་ཤམ་བྷ་ལ་རིག་གནས་ཐང་ཆེན་ནས་མི་རིགས་རིག་གནས་དྲིལ་བསྒྲགས་དང་། སྤྱི་ཚོགས་འཆམ་མཐུན་གཏན་འཇགས་དང་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བའི་བླང་བྱ་གཞིར་བཟུང་ནས། ཧུར་བརྩོན་སྒོས་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་གསར་བ་གསར་སྤེལ་བྱེད་པ་དང་། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར 70ལོན་པར་བསུ་མ་བྱ་རྒྱུ།

ཁུལ་ཨུའི་པུའུ་ཨུ་སོ་སོ་དང་ཁུལ་ཐད་གཏོགས་ཀྱི་ལས་ཁུངས་དང་སྡེ་ཁག་སོ་སོ། ཞིང་ཆེན་དུ་གཏོགས་པའི་ཀན་ལྷོར་སྡོད་པའི་ལས་ཁུངས་སོ་སོ། གཙོས་གྲོང་ཁྱེར་སྲིད་གཞུང་དང་། ལས་ཁུངས་དང་སྡེ་ཁག་སོ་སོ། ལས་རིགས་ཁག་གི་འཐུས་མི། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན། ཁུལ་དང་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་སྐོར་ཞིག་བཅས་བསྡོམས་པས་མི3000ལྷག་འགོ་བརྩམས་པའི་བྱ་འགུལ་དུ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།