ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཀྲོང་ལང་གི་ས་གཞི་སྔོ་ཐིང་ཐིང་དུ་གྱུར་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔྱིད་ཀྱི་རླུང་བུ་ཀན་སུའུ་ཞིང་ཆེན་ཕིང་ཡོན་གྲོང་ཁྱེར་ཀྲོང་ལང་རྫོང་གི་རི་ཀླུང་ཡོངས་ལ་ལྡང་ཞིང་། ཞིང་པ་ཚོ་སྦྱག་མས་ས་དོང་དྲུས་ནས་མིའི་གཟུགས་པོའི་ཕྱེད་ཙམ་ལོན་པའི་སྡོང་ཐུང་རེ་རེ་བཞིན་འཛུགས་པར་བྲེལ། མཐའ་འཁོར་གྱི་ཐང་རྒོད་དག་གིས་སྔ་ས་ནས་གོས་ལྗང་བཀླུབས་ཤིང་། རྒྱང་རིང་ནས་ལྟ་སྐབས་སྔོན་མའི་རི་རྒོད་དག་ནི་ད་ཆ་དཔྱིད་དཔལ་རབ་ཏུ་བཞད་ནས་ལྗང་ཐིང་ངེར་གནས།

དེ་ནི་ཀྲོང་ལང་རྫོང་དུ་གཞི་ཁྱོན་ཆེན་པོས་རྒྱལ་ཁབ་ས་ཆ་སྔོ་ལྗང་ཅན་དུ་སྒྱུར་བའི་བྱ་སྤྱོད་སྤེལ་བའི་རྣམ་པ་རེད། ཀྲོང་ལང་རྫོང་དེ་ཉིད་ས་སེར་མཐོ་སྒང་རྒྱུད་དུ་གནས་ཤིང་། 1964ལོ་ནས་བཟུང་སྐས་ཞིང་གསར་སྦོལ་དང་རྨོ་འདེབས་བྱེད་འགོ་ཚུགས་མོད། འོན་ཀྱང་སྒྱུར་བཀོད་བྱེད་ཐབས་བྲལ་བའི་རི་རྒོད་དང་ཐང་རྒོད་སྔར་བཞིན་མང་པོ་ཡོད།

མི་ཚོའི་མིག་ནང་གི་སྐྱ་ཐེར་ཐེར་གྱི་ཡུལ་གྲུ་དེ་སྔོ་ལྗང་ཅན་དུ་འགྱུར་ཆེད་དང་རི་རྒོད་དག“ནོར་གཞོང”ལྟ་བུར་འགྱུར་ཆེད། 2015ལོ་ནས་བཟུང་ཀྲོང་ལང་རྫོང་གིས་གཞི་ཁྱོན་ཆེན་པོས་རྒྱལ་ཁབ་ས་ཆ་སྔོ་ལྗང་ཅན་དུ་བསྒྱུར་བའི་བྱ་སྤྱོད་སྤེལ་འགོ་བཙུགས་ཡོད།

ད་ཆ་ཀྲོང་ལང་རྫོང་གིས་ཤིང་སྣ་སྣ་ཚོགས་འདེགས་འཛུགས་བྱས་ནས་ས་ཆུ་སྲུང་འཛིན་བྱས་ཡོད་ལ། རི་ལྡེབས་སུ་སྐས་ཞིང་འདེབས་འཛུགས་ཀྱང་བྱས་ཤིང་། 2015ལོ་ནས་ད་བར། རྫོང་ཡོངས་ཀྱིས་ཁྱོན་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་36.13བྱས་པ་དང་། རྫོང་ཡོངས་སུ་ནགས་ཚལ་ཁྱབ་ཚད་28.55%ཟིན་ཡོད།

ཁོར་ཡུག་ལྗང་ཐིང་ངེར་གནས་པ་བྱེད་དགོས་ལ། མང་ཚོགས་ཀྱི་ཡོང་འབབ་ཀྱང་འཕར་བ་བྱེད་དགོས། དེའི་ཆེད། ཀྲོང་ལང་བ་ཚོས་ས་བབ་མཐོ་ཚད་སྨི་1800ཡན་ཟིན་པའི་ས་རྒྱུད་དུ་སྣོད་བཅུད་ནགས་ཚལ་དང་དཔལ་འབྱོར་ནགས་ཚལ་འདེབས་འཛུགས་བྱས་པ་དང་། ས་བབ་མཐོ་ཚད་སྨི་1800མན་གྱི་སྐས་ཞིང་ཐོག་ཀུ་ཤུ་བཏབ་པ་རེད།

མིག་སྔར་ཀྲོང་ལང་རྫོང་དུ་མུའུ་ཁྲི་ཟིན་པའི་ཀུ་ཤུའི་རྟེན་གཞི་བསྐྲུན་ཟིན་པ་དང་། དུད་ཚང་དབུལ་པོ་ཁྲི་1.9ཡིས་ཤིང་འབྲས་ར་བ་མུའུ་ཁྲི་10.17འཕེལ་རྒྱས་བཏང་བ་དང་། མང་ཚོགས་དབུལ་པོ་མི་རེའི་ཆ་སྙོམས་ཤིང་འབྲས་ཀྱི་ཡོང་འབབ་སྒོར་1136ཟིན་གྱི་ཡོད། སྟར་ཁ་དང་རི་སྐྱེས་ཁམ་བུ་སོགས་བཏབ་པ་ཡང་ཞིང་པ་ཚོའི་འབབ་ཁུངས་ཤིག་ཏུ་གྱུར་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།