ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་ནས་སླེབས་པའི་བོད་རིགས་སློབ་ཆུང་གི་དགེ་སློབ130ལྷག་ཙམ་ཉེ་ཆར་ཀློག་པ་པོའི་དཔེ་སྐྲུན་ཚོགས་པའི་ཁོངས་གཏོགས་ཀྱི་ཆེད་ལས་ཞིབ་འཇུག་སློབ་སྦྱོང་སྒྲིག་གཞི་སྟེ། “ཀློག་པ་པོའི་ཞིབ་འཇུག་སློབ་སྦྱོང”གི་སྣེ་ཁྲིད་འོག དུས་ཡུན་གཟའ་འཁོར་གཅིག་རིང་གི“པེ་ཅིང་དུ་སློབ་སྦྱོང་ལ་སྐྱོད་པའི”བརྗོད་དོན་གཙོ་བོའི་ཞིབ་འཇུག་སློབ་སྦྱོང་བྱེད་སྒོར་ཞུགས་ཏེ་ཡུལ་སྐོར་གྱི་བརྒྱུད་རིམ་ཁྲོད་འཛམ་གླིང་ལ་ཤེས་རྟོགས་དང་སློབ་སྦྱོང་གི་སྤྲོ་སྣང་མྱོང་ཚོར་བྱས་པ་རེད།
ད་རེས“པེ་ཅིང་དུ་སློབ་སྦྱོང་ལ་བསྐྱོད་པའི”ཞིབ་འཇུག་སློབ་སྦྱོང་གི་རྣམ་གྲངས་གཙོ་བོའི་གྲས་སུ་ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་དྲན་གསོ་ཁང་དང་། དམག་དོན་རྟེན་རྫས་བཤམས་མཛོད་ཁང་། མཁའ་སྐྱོད་རྟེན་རྫས་བཤམས་མཛོད་ཁང་། གནམ་བདེ་སྒོ་མོའི་མཁར། གནའ་བོའི་ཕོ་བྲང་བཅས་ལ་ལྟ་སྐོར་བྱས་པ་དང་འབྲེལ་མཐོ་སློབ་ལ་ལྟ་སྐོར་འཚམས་འདྲི་བཅས་ཚུད་ཡོད། དེའི་རིང་སློབ་མ་མང་པོས་འཕྲལ་མར་ཁྱིམ་བདག་ལ་ཁ་པར་བརྒྱབ་ནས་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་བཤད་པ་མ་ཟད། པེ་ཅིང་དུ་འགྲོ་མྱོང་མེད་པའི་བོད་རིགས་ས་ཁུལ་གྱི་སློབ་མ་མང་པོ་ཞིག་ལ་སེམས་འགུལ་ཚད་མེད་ཐེབས་པ་རེད།
གཙོས་གྲོང་ཁྱེར་བོད་རིགས་སློབ་ཆུང་གི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཚེ་དཔག་སྐྱབས་ཀྱིས། གྲངས་ཉུང་མི་རིགས་ས་ཁུལ་ལ་སློབ་གསོའི་དབུལ་སྐྱོར་བྱེད་ཤུགས་ཉེན་རེ་བཞིན་ཆེ་རུ་བཏང་བས་ཕྲུ་གུ་ཚོར་དགོས་སྣ་ཆ་ཚང་འཛོམས་ཀྱང་། ཕྱི་རོལ་ཏུ་ལྟ་བར་འགྲོ་བའི་གོ་སྐབས་ཤིན་ཏུ་དཀོན། “ཉིན་འགའ་ཤས་ཀྱི་ཞིབ་འཇུག་སློབ་སྦྱོང་བྱེད་རིང་། ཕྲུ་གུ་ཚོས་ངོ་ཚ་བྱེད་པ་ནས་བློ་ཁོག་ཆེན་པོར་གྱུར་པ་དང་། སློབ་མ་མང་ཆེ་བ་མེ་འཁོར་ལ་བསྡད་དེ་ཕྱིར་སྐྱོད་ཐེངས་དང་པོ་ཡིན་པས་ཁོང་ཚོའི་མཐོང་རྒྱ་ཡངས་སུ་ཕྱིན་ཡོད”ཅེས་བརྗོད།
“མིག་སྔར། བོད་རིགས་ས་ཁུལ་གྱི་འབྲོག་པའི་འཚོ་བ་དང་དཔལ་འབྱོར་གྱི་ཆུ་ཚད་ལ་འགྱུར་ལྡོག་མངོན་གསལ་དོད་པོ་ཕྱིན་པ་དང་། བོད་རིགས་ས་ཁུལ་གྱི་སློབ་གསོའི་ཆུ་ཚད་ཀྱང་ཇེ་མཐོར་ཕྱིན་པས། ཕྲུ་གུ་ཚོས་སློབ་གསོའི་རྣམ་པ་གསར་པ་དེ་བས་མང་བ་ལོངས་སྤྱོད་ཐུབ་ཡོད”ཅེས་ཚེ་དཔག་སྐྱབས་ཀྱིས་བརྗོད་པ་དང་། ཁོང་གིས་ད་རེས“པེ་ཅིང་དུ་སློབ་སྦྱོང་ལ་བསྐྱོད་པའི”ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོས་བོད་རིགས་ས་ཁུལ་ནས་སླེབས་པའི་ཕྲུ་གུ་ཚོའི་ཤེས་རྒྱ་ཆེ་རུ་ཕྱིན་པ་དང་ཁོང་ཚོར་མི་ཚེའི་ཕུགས་བསམ་གཏོད་རྒྱུར་སྐུལ་མ་ཐེབས་པ་མ་ཟད། སློབ་མ་ཚོའི་ཡ་མཚན་གྱི་སེམས་པ་དང་། བསམ་པའི་བཀོད་ཤུགས། གསར་གཏོད་ཀྱི་སེམས་པ་བཅས་ཆེ་རུ་ཕྱིན་པ་མ་ཟད། སློབ་མ་ཚོར་འཚོལ་ཞིབ་བྱེད་ཕོད་པ་དང་། བློ་ཁོག་ཆེན་པོས་ཚོད་ལྟ་བྱེད་པ། གསར་གཏོད་གསར་སྐྲུན་བྱེད་པ་བཅས་ལ་བསྔགས་སྐུལ་ཡང་བྱས་ཡོད་ཅེས་བརྗོད། །