ཀྲུང་གོ་བོད་ཀྱི་དྲ་བ།

ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ཕུགས་འདུན་དོན་གཉེར་བྱེད་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔྱིད་རྨོད་ཀྱི་ལས་བྲེལ་ཆེ་བའི་དུས་སུ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་ཉིན་ངོ་ཤང་ལུང་གཡེ་ཁ་གྲོང་ཚོའི་གྲོང་མི་ཚོར་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་པའི་ཁེ་སྤོགས་བགོ་བཤའ་ལེན་རྒྱུ་བྱུང་ཡོད། “ད་ལོ་ཞིང་ལས་ཐོན་སྐྱེད་ཀྱི་རྒྱུ་ཆ་ཉོ་བ་དང་གསོ་ཚགས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བའི་དངུལ་ཚང་མ་དོན་འཁྱོལ་བྱུང་སོང”ཞེས་གྲོང་མི་ཀླུ་འབུམ་རྒྱ་མཚོས་འཛུམ་དམུལ་དམུལ་ངང་བཤད།

ལུང་གཡེ་ཁ་གྲོང་ཚོ་ནི་ཉིན་ངོ་ཤང་གི་རང་བྱུང་གྲོང་ཚོ་ཞིག་ཡིན་ཞིང་། དེ་གར་རི་བོ་སྔོ་ཞིང་ཆུ་མོ་དྭངས་བ་དང་རི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས་གང་ས་གང་དུ་ཁམས་གཙང་བའི་རང་བྱུང་གི་ཞིང་ནང་མཛེས་ལྗོངས་མཐོང་རྒྱུ་ཡོད། འོན་ཀྱང་རི་ཁུག་ཏུ་གནས་པས་འགྲིམ་འགྲུལ་ཅུང་རྗེས་ལུས་ཐེབས་ཡོད། ལོ་མང་རིང་རི་ཁུག་ཏུ་ཁ་ཐོར་ངང་གནས་པའི་གྲོང་མི་དུད་ཚང15ཡིས་དྭངས་ཤིང་གཙང་བའི་རི་ཀླུང་སྲུང་བཞིན་དབུལ་པོའི་འཚོ་བ་སྐྱེལ་བཞིན་མཆིས།

ཇི་ལྟར་བྱས་ནས་དབུལ་ཐར་མཁྲེགས་གཏོར་གྱི་དཀའ་གནད་བསལ་ཏེ་འབྱོར་འབྲིང་ལམ་བར་དུ་མི་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱེད་དགོས་སམ། “དབུལ་ཐར་ཕྱུག་འགྱུར་ཡོང་བར་ཐོན་ལས་ལ་བརྟེན་དགོས་པ་དང་། ཐོན་ལས་འཕེལ་རྒྱས་གཏོང་བར་འཇོན་ཐང་ཅན་གྱི་སྣེ་ཁྲིད་ལ་བརྟེན་དགོས”ལུང་གཡེ་ཁ་གྲོང་ཚོའི་དོན་དངོས་ལ་དམིགས་ནས། ཉིན་ངོ་ཤང་ཏང་ཨུད་དང་སྲིད་གཞུང་གིས་གནད་སྨིན་བརྟག་ཞིབ་དང་བློ་བསྡུས་དགེ་འཚོལ་བྱེད་པའི་རྨང་གཞིའི་ཐོག“ཏང་ཡོན་དང་། མཉམ་ལས་ཁང་། དུད་ཚང་དབུལ་པོ་བཅས་ཟུང་དུ་སྦྲེལ་བའི”ཐོན་ལས་དབུལ་སྐྱོར་གྱི་འཕེལ་རྒྱས་གཏོང་སྟངས་ཤིག་གཏན་འཁེལ་བྱས་པ་རེད།

ལུང་གཡེ་ཁ་གྲོང་ཚོའི་ཏང་ཡོན་ཞིག་ཡིན་པའི་སྟག་ལྷ་ལ་གྲོང་མིའི་ཁྲོད་དབང་གྲགས་ངེས་ཅན་ལྡན་པ་མ་ཟད། ཁོང་ལ་གྲོང་མི་ཚོའི་སྣེ་ཁྲིད་དེ་ཐུན་མོང་ཐོག་ཕྱུག་པོ་ཆགས་པར་བྱེད་པའི་ཐབས་ཤེས་ཀྱང་ཡོད་པ་རེད། དེས་ན། ཉིན་ངོ་ཤང་གི་རོགས་སྐྱོར་ལས་དོན་མི་སྣས་སྟག་ལྷ་ལ་གཙོ་གནད་ཐོག་རོགས་སྐྱོར་བྱས་ཏེ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་འཛུགས་རོགས་བྱས་པ་དང་འབྲེལ་ཕྱོགས་མང་པོ་ནས་མ་དངུལ་བརྩོན་ལེན་བྱས་ཏེ་མཉམ་ལས་ཁང་ཐོག་མར་འཛུགས་པའི་མ་དངུལ་སྒོར་ཁྲི6མཁོ་འདོན་ཡང་བྱས་པ་རེད།

2016ལོའི་ཟླ12ཚེས8ཉིན། ལུང་གཡེ་ཁ་གྲོང་ཚོའི་གསོ་ཚགས་མཉམ་ལས་ཁང་དངོས་སུ་བཙུགས་པ་དང་། སྟག་ལྷ་ཡིས་སྣེ་ཁྲིད་དེ་རང་ཁྱིམ་གྱི་ཕག་པ་དང་བཅོལ་དངུལ་རྣམས་མཉམ་ལས་ཁང་གི་མ་རྐང་ནང་ཞུགས། སྟག་ལྷའི་སྣེ་ཁྲིད་འོག་གྲོང་མི་ཚོས་ངལ་རྩོལ་ནུས་ཤུགས་དང་ས་ཞིང་སོགས་མཉམ་ལས་ཁང་གི་མ་རྐང་ནང་གཅིག་རྗེས་གཉིས་མཐུད་ངང་ཞུགས་པ་དང་། མཉམ་ལས་ཁང་གིས་ཕག་ཕྲུག་གཅིག་གྱུར་ཐོག་ཉོ་སྒྲུབ་བྱེད་པ་དང་། གཟན་རྩྭ་དང་། རིམས་འགོག་སྨན་ཁབ། ཕྱུགས་སྨན་བཅས་གཅིག་གྱུར་ཐོག་མཁོ་འདོན་བྱེད་པ། གཅིག་གྱུར་ཉོ་སྒྲུབ་དང་། གཅིག་གྱུར་དོ་དམ། གཅིག་གྱུར་བྲིན་ཚོང་བཅས་བྱེད་ཀྱི་ཡོད། དེ་རྗེས་ཀྱི་ལོ་གསུམ་བསྟུད་མར་མཉམ་ལས་ཁང་གི་ཡོང་འབབ་ལོ་ལྟར་འཕར་ནས2018ལོར་ཡོང་འབབ་སྒོར་ཁྲི10.2བྱུང་ཡོད།

ད་ལོའི་ཟླ1ཚེས23ཉིན། ལུང་གཡེ་ཁ་གྲོང་ཚོའི་གཡུལ་ཁའི་ནང་གསོ་ཚགས་མཉམ་ལས་ཁང་གིས་ཡོང་འབབ་བགོ་བཤའ་རྒྱག་པའི་ཚོགས་ཆེན་འཚོགས་ནས2018ལོའི་ཡོང་འབབ་ཚང་མ་གྲོང་མི་ཚོར་བགོ་བཤའ་བརྒྱབ་པས། གྲོང་མི་ཚོར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པ་མ་ཟད་དབུལ་ཐར་ཕྱུག་འགྱུར་གྱི་ཡིད་ཆེས་ཀྱང་སྔར་བས་ཆེ་རུ་ཕྱིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།