ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཁྲིན་ཧུའེ་ཡིས་དབུལ་སྐྱོར་གནས་སྤོར་སྒྲིག་བཅོས་ཀྱི་གྲུབ་འབྲས་ནུས་ལྡན་སྒོས་སྲ་བརྟན་དུ་བཏང་ནས་དབུལ་ཐར་མཁྲེགས་གཏོར་སྲིད་ཇུས་གནད་དུ་ཁེལ་བ་དོན་འཁྱོལ་བྱ་དགོས་ཞེས་བསྟན་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཀླུ་ཆུ་རྫོང་དུ་སོང་ནས་དབུལ་སྐྱོར་གནས་སྤོར་དང་སྐོར་ཞིབ་སྒྲིག་བཅོས་ཀྱི་སྐུལ་འདེད་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས་སུ། དབུལ་ཐར་དུས་སྐབས་ཀྱི་དམིགས་འབེན་དམ་དུ་འཛིན་པ་དང་། བྱ་བའི་ཐབས་ཇུས་དོན་ཐོག་ཏུ་འཁྱོལ་བ། དབུལ་སྐྱོར་གནས་སྤོར་བྱ་བའི་གྲུབ་འབྲས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་སྲིད་ཇུས་དངོས་གནས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་སོ་སོ་དུས་ལྟར་ལེགས་གྲུབ་ཡོང་བ་ཁག་ཐེག་བྱ་དགོས་ཞེས་ནན་གྱིས་བསྟན།

ཡུས་ཁྲིན་ཧུའེ་ཡིས་དབུལ་ཐར་མཁྲེགས་གཏོར་གནད་འགག་ཆེ་བའི་དུས་ལ་སླེབས་ཡོད་པས། གནས་སྤོར་མང་ཚོགས་ཀྱི་སྡོད་གནས་གནས་ཚུལ་ཇི་འདྲ་ཡིན་པ་དང་། སྐོར་ཞིབ་ཕྱིར་ལྡོག་གི་གནད་དོན་སྒྲིག་བཅོས་བྱས་པ་ཇི་འདྲ་ཡིན་པ། དབུལ་ཐར་སྲིད་ཇུས་དོན་འཁྱོལ་བྱས་པའི་གནས་ཚུལ་ཇི་འདྲ་ཡིན་པ། མང་ཚོགས་ཀྱི་བློར་ཨེ་འབབ་པ་ཞེས་པའི་གནད་དོན་འདི་དག་ལ་དམིགས་ནས་ཟམ་ཚ་གྲོང་རྡལ་རྨོག་རི་སྡེ་བའི་ཆ་རིས་ཚོ་ཆུང་གི་མང་ཚོགས་བླ་མ་སྐྱབས་དང་འབྲུག་མཁར། ཨ་ལ་ཤང་སྒྱིས་ཚང་སྡེ་བའི་བརྒྱ་རབ་ཚོ་ཆུང་གི་མང་ཚོགས་སྙིང་དཀར་ཚེ་རིང་དང་ཀླུ་འབུམ་བཀྲ་ཤིས་སོགས་ཀྱི་ཁྱིམ་གསར་བའི་ནང་སོང་ནས་ཁ་བརྡ་བྱས་ལ། ཁོས་ད་དུང་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་མོར་རྒྱལ་ཁ་ལེན་པ་དང་དབུལ་ཕོངས་མང་ཚོགས་ཀྱིས་བརྟན་པོའི་ངང་དབུལ་ཐར་བྱེད་པ་ཁག་ཐེག་བྱ་ཆེད། ནུས་ཤུགས་ལྡན་པའི་བྱ་སྤྱོད་དང་དབུལ་སྐྱོར་སྲིད་ཇུས་བཀོད་སྒྲིག་ཁག་གི་བྱ་བ་གནད་ཁེལ་དོན་འཁྱོལ་བྱ་དགོས་ལ། དབུལ་སྐྱོར་དེ་བསམ་བློའི་འདུ་ཤེས་ཀྱིས་རོགས་སྐྱོར་བྱེད་པ་དང་མཉམ་འབྲེལ་བྱས་ནས་དབུལ་ཕོངས་མང་ཚོགས་ཀྱིས་ངལ་རྩོལ་ལ་བརྟེན་ནས་འཚོ་བའི་ཆུ་ཚད་ཇེ་མཐོར་བཏང་སྟེ་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་བ་འབད་པ་བྱ་དགོས་ཞེས་བསྟན།

ཡུས་ཁྲིན་ཧུའེ་ཡིས་ཨ་ལ་ཤང་སྲིད་གཞུང་དུ་བྱ་བའི་སྐུལ་འདེད་གྲོས་ཚོགས་ཚོགས་སྐབས་སུ་རྫོང་དང་ཤང་། སྡེ་བ་བཅས་ཀྱི་དབུལ་སྐྱོར་གནས་སྤོར་གནད་དོན་སྒྲིག་བཅོས་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ཕུལ་བར་ཉན་ཞིང་དུས་རིམ་རྗེས་མའི་སྐུལ་འདེད་བྱ་ཐབས་བཀོད་སྒྲིག་བྱས། ཁོས་ཀྲུང་དབྱང་སྐོར་ཞིབ་ཕྱིར་ལྡོག་ནི་གཞི་རིམ་དུ་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གི“ཆབ་སྲིད་རྟོག་ཞིབ”དོན་འཁྱོལ་བྱེད་པ་ཡིན་ལ། ཀྲུང་དབྱང་ཕྱིར་ལྡོག་ཚན་ཆུང་གིས་དབུལ་སྐྱོར་གནས་སྤོར་གྱི་འབྲེལ་ཡོད་གནད་དོན་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་ཁྲོད་འཕྲད་པའི་གནད་དོན་བཙལ་ནས་ཐག་བཅད་པ་དང་། ང་ཚོར་སྔར་ལས་ལྷག་པར་དུ་ཆབ་སྲིད་ཀྱི་ལངས་སྟེགས་ཇེ་མཐོར་གཏོང་བ་དང་བསམ་བློའི་ངོས་ཟིན་གཏིང་ཟབ་དུ་གཏོང་བ། སྲིད་ཇུས་ཁོང་དུ་ཆུད་ཤུགས་ཇེ་དྲག་ཏུ་གཏོང་བ། ནུས་ཤུགས་ཆུ་ཚད་མཐོར་འདེགས་སུ་གཏོང་བ། དངོས་གནས་བྱ་བ་སྐུལ་སྤེལ་བཏང་ནས་ཡིད་ཆེས་དང་ཆོད་སེམས་བསྩལ་དགོས་ཞེས་བསྟན།

ཡུས་ཁྲིན་ཧུའེ་ད་དུང་མཚོ་ཉིན་གྲོང་རྡལ་ཀ་ཤུལ་སྡེ་བ་དང་བྱ་རྫི་ཐང་རིག་གནས་ཐོན་ལས་ར་བར་སོང་ནས་ཡུལ་དངོས་སུ་མཛེས་ཁུལ་རིམ་སྤར་བཟོ་སྐྲུན་དང་ར་བ་འཛུགས་སྐྲུན་གྱི་བྱ་བར་ལྟ་ཞིབ་བྱས་ཤིང་ཁོས་ཀ་ཤུལ་སྡེ་བའི་མཛེས་ཁུལ་རིམ་སྤར་བཟོ་སྐྲུན་དེ“ཚོགས་འདུ་གཅིག་དང་དུས་ཆེན་གཅིག”གི་གལ་ཆེའི་དུས་སྐབས་འདིར་དུས་ལྟར་འགན་ཁུར་ལེགས་འགྲུབ་ཡོང་བ་ཁག་ཐེག་བྱེད་པ་དང་། ཤུགས་ཆེན་སྒོས་རྒྱལ་ལམ213གྱི་ལམ་འགྲམ་གྱི་ཡུལ་ལྗོངས་མཛེས་བཟོ་གཏོང་བ། ས་གཤིས་གནོད་སྐྱོན་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ། སྐྱེ་ཁམས་སླར་གསོ་བྱེད་པར་སྐུལ་ནས་ལྟ་ན་སྡུག་པའི་རྩྭ་ཐང་དེ་ཡུལ་སྐོར་མཛེས་ལྗོངས་སུ་འགྱུར་དགོས་ཞེས་ནན་གྱིས་བསྟན།

ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྒྲིག་ཨུའི་ཧྲུའུ་ཅི། ཁུལ་ལྟ་བཤེར་ཨུའི་ཀྲུའུ་རེན་ཧའོ་ཅུའེ་རྨིན་དང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཀླུ་ཆུ་རྫོང་ཨུའི་ཧྲུའུ་ཅི་ལིའང་མིང་ཀོང་། ཁུལ་དཔོན་གཞོན་པ་ཝང་ཅན་ཅུན་བཅས་ཀྱིས་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས།།                                                                                                                     

རྩོམ་སྒྲིག་པ། : ཀླུ་མོ་མཚོ།