ཀྲུང་གོ་བོད་ཀྱི་དྲ་བ།

འབྲོག་ཁྱིམ་ཆུང་བས་ཚོང་ར་ཆེན་པོར་མཐུད་འབྲེལ་བྱེད་ཅིང་གློག་རྡུལ་ཚོང་ལས་ཆུང་བས་དབུལ་སྐྱོར་ཆེན་པོར་སྐུལ་འདེད་བཏང་བ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2019-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བསང་ཆུ་རྫོང་ཞིང་སྡེའི་གློག་རྡུལ་ཚོང་ལས་གསར་གཏོད་འཕེལ་རྒྱས་བྱུང་བའི་གནས་ཚུལ་དངོས་བྲིས།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བསང་ཆུ་རྫོང་ནི་རྒྱལ་ཁབ་ཀྱི་ཡུག་གཅིག་ཏུ་བསྡུས་པའི་ཁྱད་པར་དཀའ་ཁག་ས་ཁུལ་གྱི་དབུལ་ཕོངས་རྫོང་ཞིག་ཡིན། རང་བྱུང་ཡུལ་བབ་ཀྱི་ཆ་རྐྱེན་དང་བོད་མི་རིགས་འདུས་སྡོད་ས་ཁུལ་ཡིན་ཞིང་དར་རྒྱས་ཞན་པ་སོགས་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་གྱི་བཀག་རྒྱ་ཐེབས་པས། རོང་འབྲོག་ཁྱིམ་དང་ཁེ་ལས་ཀྱང་གློག་རྡུལ་ཚོང་ལས་ལ་ཞུགས་པའི་བརྩོན་སེམས་མི་སྐྱེས་པ་དང་། གློག་རྡུལ་ཚོང་ལས་འདེགས་སྐྱོར་བྱེད་པའི་ཤེས་ལྡན་མི་སྣ་དཀོན་པ། ཞིང་ཕྱུགས་ཐོན་རྫས་ཚད་ལྡན་ཅན་དང་སྤུས་རྟགས་ཅན་གྱི་ཚད་དམའ་བ། རིགས་གསར་ཅན་གྱི་མཁོ་འདོན་མུ་ཐག་རྩ་འཛུགས་ཅུང་ཆགས་མེད་པ། དངོས་སྐྱེལ་ཤར་གཏོང་ཚད་དམའ་ཞིང་བགོ་འགྲེམ་དང་སྐྱེལ་བའི་མ་རྩ་ཅུང་མཐོ་བས། གློག་རྡུལ་ཚོང་ལས་གོང་འཕེལ་ལ་དཀའ་བ་མང་བོ་མཆིས།

ཉེ་བའི་ལོར། རྫོང་འདིས་ཞིང་སྡེ་གློག་རྡུལ་དང་དྲ་རྒྱའི་ཚོང་ལས་དཔེ་སྟོན་རྫོང་གི་ལས་གཞི་ལག་བསྟར་བྱས་པ་དང་བསྟུན། རིམ་པ་སོ་སོའི་སྲིད་གཞུང་དང་ཁེ་ལས། རོང་འབྲོག་པ་མང་ཚོགས་ཀྱིས་རིགས་གསར་ཅན་འདིའི་དཔལ་འབྱོར་ལས་རིགས་ཏེ་གློག་རྡུལ་དང་དྲ་རྒྱའི་ཚོང་ལས་ལ་ངོས་ཟིན་མཐོར་འདེགས་བྱུང་བས། གློག་རྡུལ་དང་དྲ་རྒྱའི་ཚོང་ལས་གཞི་ཁྱོན་ཅན་དུ་ཆགས་པར་གོང་འཕེལ་ཆེན་པོ་བྱུང་།

གློག་རྡུལ་དང་དྲ་རྒྱའི་ཚོང་ལས་འཕེལ་རྒྱས་དཀའ་ཁག་ལྡན་པའི་གནས་ཚུལ་ལ་དམིགས་ཏེ།  རྫོང་ཚོང་དོན་ཅུས་ཀྱིས་རྒྱལ་ཁབ་གློག་རྡུལ་ཚོང་དོན་ཞིང་སྡེར་སྐྱོད་པའི་དཔེ་སྟོན་རྫོང་གི་ལས་གཞིའི་ཞབས་ཞུ་ཁེ་ལས་ཏེ་ཞི་ཨན་ཙུང་ཧོན་ཙི་ཞོན་ཚད་ཡོད་འགན་འཁྲི་ཀུང་སི་བསང་ཆུ་རྫོང་ཡན་ལག་ཀུང་སི་གཉིས་དར་མཉམ་ལས་བྱས་པས།  བསང་ཆུ་རྫོང་གི་ཐུན་མོང་མ་ཡིན་པའི་ཡུལ་སྐོར་རིག་གནས་དང་ཁྱད་ལྡན་དངོས་རྫས།  རང་བྱུང་སྐྱེ་ཁམས་ཐོན་ཁུངས་ལ་རྐང་ཚུགས་པ་དང་།  “ཐོན་ཁུངས་འདོན་སྤེལ་དང་ཁྱད་ཆོས་འབུར་ཐོན།  གསར་གཏོད་རྣམ་པའི་དཔེ་དབྱིབས”ཞེས་པའི་མཛུབ་སྟོན་རིག་ལམ་ལྟར།  “ཐོན་རྫས་ཚོང་རྟགས +གློག་རྡུལ་ཚོང་ལ +དབུལ་ཕོངས་ལས་ཐར་བའི”གློག་རྡུལ་ཚོང་ལས་དཔེ་དབྱིབས་ཅན་གྱི་གསར་གཏོད་འཕེལ་རྒྱས་བྱེད་པ་བཏོན་པ་ཡིན།

དང་ཐོག སྲིད་གཞུང་གིས་ནུས་ཤུགས་ཡོད་ཚད་བཏོན་ནས་རྫོང་ཁོངས་ཡོངས་དང་དངོས་རྫས་ཁ་ཚང་དང་། ཐོན་ལས་ཚང་མ་མུ་ཐག་ཅན་གྱི་རྫོང་ཁོངས་ཀྱི་སྤྱིའི་ཚོང་རྟགས་ཏེ“གདོད་སྐྱེའི་བསང་ཆུ”ཞེས་པའི་རྫོང་ཁོངས་ཀྱི་སྤྱི་བའི་ཚོང་རྟགས་དེ་སྲིད་གཞུང་གིས་ཡིད་ཆེས་ཐོབ་པའི་ཁར། རིམ་བཞིན་དུ་ཤང་མིང་གྲགས་ཅན་དང་ཚོང་རྟགས་མིང་གྲགས་ཅན། ཁེ་ལས་ཀྱི་ཚོང་རྟགས་མིང་གྲགས་ཅན་གཅིག་བསྡུས་ཡིན་པའི་ཚོང་ཚོགས་ཁྲིད་སྟོན་དང་གསོ་སྐྱོང་བྱས་ཏེ། ཕྱུགས་ལས་ཚོང་རྫས་དང་ཡུལ་སྐོར་ཞབས་ཞུའི་ཚོང་རྫས་ཀྱི་སྤུས་ཀ་དང་རིན་ཐང་། བརྒྱུད་ཚོང་བཅས་མཐོར་འདེགས་གཏོང་བར་སྐུལ་སྤེལ་བྱས་པ་དེས་ཞིང་ཕྱུགས་ཐོན་རྫས་མཁོ་འདོན་གྱི་མ་ལག་མྱུར་དུ་འཕོ་འགྱུར་བྱུང་ཞིང་རྫོང་ཁོངས་དཔལ་འབྱོར་རིགས་བསྒྱུར་ཐུབ་པ་ཡིན།

གཉིས་པ། རྫོང་དང་ཤང་། སྡེ་བ་རིམ་པ་གསུམ་གྱི་གློག་རྡུལ་ཚོང་ལས་ཀྱི་སྤྱི་བའི་ཞབས་ཞུའི་སྟེགས་བུ་འཐུས་ཚང་དུ་བཏང་སྟེ། གློག་རྡུལ་ཚོང་ལས་འཕེལ་རྒྱས་ལ་སྐྱེ་ཁམས་འཁོར་རྒྱ་བཟོ་སྐྲུན་བྱས། རྒྱལ་ཁབ་ཀྱིས་དཔེ་སྟོན་རྫོང་གི་ལས་གཞིར་མ་དངུལ་ཁ་གསབ་བྱས་པའི་འོག    རྫོང་རིམ་པའི་གློག་རྡུལ་ཚོང་ལས་སྤྱི་བའི་ཞབས་ཞུ་ལྟེ་གནས་གཅིག་དང་། ཤང་གྲོང་རིམ་པའི་གློག་རྡུལ་ཚོང་དོན་སྤྱི་བའི་ཞབས་ཞུ་ས་ཚིགས་བཅུ་གཅིག སྡེ་བ་རིམ་པའི་གློག་རྡུལ་ཚོང་དོན་སྤྱི་བའི་ཞབས་ཞུ་ཁུལ་ཞེ་གཉིས་བཙུགས་ནས་གཙོ་བོར་ཤང་གྲོང་སོ་སོས་དྲ་རྒྱའི་ཚོང་ལས་བརྒྱུད་ཚོང་དང་གསོ་སྦྱོང་མཛུབ་སྟོན། ཚབ་ཉོ་ཚབ་འཚོང་། ལས་སྐྲུན་ལས་ཞུགས་དང་དམངས་ལ་སྟབས་བདེ་སྐྲུན་པའི་ཞབས་ཞུ་སྒྲུབ་པ་སོགས་ཀྱི་བྱ་བའི་འགན་ཁུར། གློག་རྡུལ་ཚོང་ལས་དངོས་སྐྱེལ་གྱི་སྤྱི་བའི་ཞབས་ཞུ་ལྟེ་བ་འཛུགས་གྲུབ་བྱུང་བ་དེས་རྫོང་དང་ཤང་། སྡེ་བའི་བར་གྱི་དངོས་སྐྱེལ་ཅ་ལག་དེ་ཉིན་གསུམ་གྱི་ནང་དུ་སྡེ་བ་དང་ཁྱིམ་ཚང་དུ་འབྱོར་བ་ཁག་ཐེག་བྱས། མིག་སྔར་རྫོང་དང་ཤང་། སྡེ་བ་བཅས་ཀྱི་གློག་རྡུལ་ཚོང་ལས་འཕེལ་རྒྱས་ཁྲོད་ཀྱི་སྤྱི་བའི་རྨང་གཞིའི་སྒྲིག་ཆས་ཐོག་མར་འཛུགས་གྲུབ་བྱུང་བ་མ་ཟད། ད་དུང་རིམ་བཞིན་གློག་རྡུལ་ཚོང་ལས་ཞབས་ཞུ་དང་འབྲེལ་བའི་བྱ་བ་སྤེལ་བས། ནུས་ལྡན་སྒོས་རྫོང་ཁོངས་ཀྱི་སྲོལ་རྒྱུན་ཐོན་ལས་རིགས་བསྒྱུར་དང་རིམ་པ་འཕར་བར་སྐུལ་འདེད་བཏང་། 

གསུམ་པ། རྒྱལ་ཁབ་ཀྱིས་ཞིང་ཕྱུགས་ཐོན་རྫས་མཁོ་འདོན་ཐད་ཀྱི་བཅོས་སྒྱུར་དང་གློག་རྡུལ་ཚོང་ལས་ཀྱི་དབུལ་སྐྱོར་བྱེད་པ་དམིགས་འབེན་དུ་བཟུང་བ་དང་། རྫོང་ཁོངས་ཀྱི་བབ་བཟང་ཐོན་ཁུངས་ཟབ་ཏུ་སྤེལ། ལེགས་ཤོས་ཅན་གྱི་ཞིང་ཕྱུགས་ཐོན་རྫས་སྡེ་བ་དང་གྲོང་ཁྱེར་ལ་ཕྱིར་འབུད་མི་ཐུབ་པའི་གནད་དོན་ལ་དམིགས་ཏེ། གློག་རྡུལ་ཚོང་ལས་ཆེན་པོ་གཉིས་ཀྱི་དབུལ་སྐྱོར་རྣམ་པ་བཟོ་སྐྲུན་བྱེད་པ་འཚོལ་ཞིབ་བྱས་པ་དང་། རྫོང་ཁོངས་ནང་གི“ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་བདག་གཉེར+ཞིང་སྡེའི་ཡུལ་སྐོར་གསར་གཏོད”ཅེས་པའི་རྣམ་པ་འཚོལ་ཞིབ་བྱས་ཤིང་། ཞིང་ཕྱུགས་ཐོན་རྫས་སྡེ་བ་དང་གྲོང་ཁྱེར་ལས་ཕྱིར་འབུད་པའི“འབྲོག་ཁྱིམ་ཆུང་བས་ཚོང་ར་ཆེན་པོར་མཐུད་འབྲེལ་བྱེད་ཅིང་ཞིང་ཕྱུགས་ཐོན་རྫས་ཐོན་ཡུལ་ནས་ཐད་ཀར་དུ་མཁོ་འདོན་བྱེད་པའི”རྣམ་པ་འཚོལ་ཞིབ་བྱས་པ་ཡིན།

“ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་བདག་གཉེར+ཞིང་སྡེའི་ཡུལ་སྐོར་གསར་གཏོད”ཅེས་པའི་རྣམ་པ་ནི་ཡུལ་སྐོར་ཞབས་ཞུ་དང་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་གཉིས་འཆིང་ནས་བརྒྱུད་ཚོང་བྱས་པ་ཡིན། ས་དེ་གའི་ཡུལ་སྐོར་ཞབས་ཞུ་སྡེ་ཚན་འདྲེན་བྱེད་བྱས་པ་དང་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དངོས་དཔུང་བྱེད་ས་བཙུགས་པ་དང་། གློག་རྡུལ་ཚོང་ལས་སྟེགས་བུ་དང་དྲ་རྒྱའི་སྨྱན་སྦྱོར་ལ་བརྟེན་ནས་དྲིལ་བསྒྲགས་བྱས་ཏེ། ཡུལ་སྐོར་བར་བོད་ཁུལ་གྱི་རིག་གནས་མྱོང་བར་སྐུལ་ཁྲིད་བྱས་པ་དང་སྦྲགས། སྤུས་ལེགས་ཅན་གྱི་ཞིང་ཕྱུགས་ཐོན་རྫས་འཛད་སྤྱོད་མཁན་ལ་ཚོར་སྣང་སྐྱེ་རུ་བཅུག་པ་དེས་ཞིང་ཕྱུགས་ཐོན་རྫས་ཚོང་ཚད་རིམ་བཞིན་ཇེ་མཐོ་དང་རོང་འབྲོག་དམངས་ཀྱི་ཡོང་འབབ་ཇེ་མང་དང་དབུལ་ཕོངས་ལས་ཐར་བར་སྐུལ་ཁྲིད་བྱས། རྣམ་པ་འདི2018ལོའི་དབྱར་ཁ་བསང་ཆུ་རྫོང་རྒན་གྱ་གྲོང་རྡལ་གྱི“འབྲོག་པའི་སྦྲ་གར་སྒར་ཁ་སྟེ་རྒན་གྱའི་ལུག་ཐོན་ཡུལ་དངོས་དཔུང་ས་གནས”སུ་ཐོག་མར་ཚོད་ལྟ་བྱས་ནས་ར་འཕྲོད་བྱུང་། དུས་ཡུན་ཐུང་ཐུང་ཟླ་བ་གཉིས་ཀྱི་ཚོད་ལྟའི་འཁོར་སྐྱོད་སྐབས་སུ་ཐད་ཀར་དུ་རྒན་གྱའི་ལུག300ལྷག་བཙོངས་པ་སྐུལ་ཁྲིད་བྱས་ཏེ། ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་རོགས་སྐྱོར་ཁྱིམ་ཚང40ལ་དངོས་ཕན་ཐོབ་པ་དང་། ས་དེ་གའི་རོང་འབྲོག་དམངས་རང་ཉིད་ཀྱི་སྒོ་ཁ་ནས་ལས་ཞུགས་ཐུབ་པ་འདོན་སྤྲོད་བྱེད་ཅིང་། མཐའ་འཁོར་གྱི་སྔོ་ཚལ་དང་ཆང་། མཛེས་ཁུལ། སྐྱེལ་འདྲེན་སོགས་ཞབས་ཞུའི་ལས་རིགས་ཀྱི་ཡོང་སྒོ་ཐད་ཀར་དུ་ཇེ་མང་དུ་བསྐྲུན། 

བསང་ཆུ་རྫོང་དེ་རང་ཁུལ་གྱི་ཕྱུགས་ལས་ཀྱི་རྫོང་ཡིན་ལ། རྒན་གྱའི་ལུག་ནི་བསང་ཆུ་རྫོང་གི་ཐུན་མོང་མ་ཡིན་པའི་ཐོན་རྫས་ཞིག་ཡིན་ལ། ཕྱུགས་ལས་ཀྱི་ཐོན་རྫས་རིགས་གཙོ་བོ་དང་སྤུས་ལེགས་ཅན་དེ་རྒན་གྱའི་ལུག་ཡིན་ཟེར་ནའང་ཆོག འོན་ཀྱང་བདག་གཉེར་དང་བརྒྱུད་འཚོང་ཁྱབ་སྤེལ་གཏོང་བ་མ་འདང་བའི་དབང་གིས་རྒན་གྱའི་ལུག་ལོ་ལྟར་གཅིག་བསྡུས་སྒོས་ཕྱིར་ཚོང་སྐབས་ཚོང་ལམ་སྲོལ་རྒྱུན་གྱི་སྣ་གཅིག་པོ་ཡིན་པས། རིན་གོང་དམའ་མོ་བྱས་ནས་མཐའ་སྐོར་གྱི་ཚོང་བར་བཙོངས་པ་དང་མཐའ་སྐོར་གྱི་ཚོང་བས་ཚོ་གསོ་བྱས་རྗེས་ས་དེ་གའི་ཚོང་རར་བཙོངས་པ་ཡིན། ཕྱོགས་གཅིག་ནས་རོང་འབྲོག་དམངས་ཀྱི་ཡོང་སྒོར་གནོད་པ་ཐེབས་པ་དང་ཕྱོགས་གཞན་ཞིག་ནས་ཀན་ལྷོའི་ལུག་གི་ས་གཤིས་སྤུས་རྟགས་ཀྱི་སྣང་བརྙན་ལ་གནོད་སྐྱོན་ཐེབས་པ་ཡིན། དོན་དངོས་ཀྱི་གནད་དོན་འདི་ཐག་གཅོད་བྱ་ཆེད། རྫོང་ཚོང་དོན་ཅུས་ཀྱིས་མཐུན་སྦྱོར་ཐེངས་མང་བོ་བྱས་ཏེ། ཐེན་ཅིན་དང་ཞི་ཨན། ཐེན་ཧྲུའེ་སོགས་གྲོང་ཁྱེར་ནས་རྒན་གྱའི་ལུག་དངོས་དཔུང་དང་བརྒྱུད་ཚོང་། ཁྱབ་སྤེལ་བྱེད་པའི་བྱ་འགུལ་ཐེངས་མི་ཉུང་བ་སྤེལ་བས། ཐོན་ཡུལ་དངོས་ཀྱི་རྒན་གྱའི་ལུག་དེ་མཐོ་གྲས་ཅན་གྱི་ཟས་རིགས་སུ་སྐྲུན་པ་དང“སྤུས་ལེགས་ཅན་གྱི་ཞིང་ཕྱུགས་ལས་ཐོན་རྫས་དེ་གཤིས་བཟང་ཅན་གྱི་སྐུ་མགྲོན་ལ་མཁོ་འདོན་བྱེད་པ”མངོན་འགྱུར་བྱེད་པ་མ་ཟད། རྒན་གྱའི་ལུག་གི་སྙན་གྲགས་རིམ་བཞིན་ཇེ་ཆེར་བཏང་སྟེ། འཛད་སྤྱོད་མཁན་མང་བོས་རྒན་གྱའི་ལུག་ལ་རྒྱུས་ལོན་ཇེ་ཟབ་གཏོང་དུ་བཅུག

“ཞིང་སྡེར་གློག་རྡུལ་ཚོང་ལས་འཕེལ་རྒྱས་བྱུང་ན་བཟོ་ལས་ཐོན་རྫས་གྲོང་གསེབ་ཏུ་ཐོན་པ་དང་ཞིང་ཕྱུགས་ཐོན་རྫས་གྲོང་ཁྱེར་དུ་སྐྱོད་པའི་དེང་རབས་ཞིང་སྡེའི་འཁོར་སྐྱོད་ལ་ཕན་པ་དང་། རོང་འབྲོག་དམངས་ཀྱི་ཡོང་སྒོ་ཇེ་མང་དུ་འགྲོ་བ་ལ་ཕན་པ་དང་། གནད་ཁེལ་དབུལ་སྐྱོར་ལ་སྐུལ་འདེད་ཐུབ་ཅིང་། ཞིང་སྡེའི་ཐོན་ལས་དང་བོ་དང་གཉིས་པ། གསུམ་པ་མཉམ་འདྲེས་ཐད་སྐུལ་སྤེལ་ཐུབ”ཅེས་བསང་ཆུ་རྫོང་ཚོང་དོན་ཅུས་ཀྱི་འགན་ཁུར་བས་བཤད། 

ལག་ལེན་ཁྲོད་ར་སྤྲོད་བྱུང་བར། “འབྲོག་ཁྱིམ་ཆུང་བས་ཚོང་ར་ཆེན་པོར་མཐུད་འབྲེལ་བྱེད་པ་དང་ཞིང་ཕྱུགས་ཐོན་རྫས་ཐོན་ཡུལ་ནས་ཐད་ཀར་དུ་མཁོ་འདོན་བྱེད་པའི”རྣམ་པ་འདི་ནི་བསང་ཆུ་རྫོང་གིས“གདོད་སྐྱེའི་བསང་ཆུ”ཞེས་པའི་ཞིང་ཕྱུགས་ཐོན་རྫས་སྡེ་བ་ལས་བུད་དེ་གྲོང་ཁྱེར་ལ་སྐྱོད་པའི་ཐབས་ཇུས་གསར་གཏོད་བྱེད་པ་བཟོ་སྐྲུན་བྱས་ཏེ། ཞིང་ཕྱུགས་ཐོན་རྫས་མཁོ་འདོན་ཐད་ཀྱི་བཅོས་བསྒྱུར་ལ་སྐུལ་སྤེལ་བཏང་། རྫོང་དང་ཤང་དང་སྡེ་བའི་དངོས་སྐྱེལ་དང་གློག་རྡུལ་ཚོང་དོན་སྤྱི་བའི་ཞབས་ཞུ་མ་ལག་དང་གློག་རྡུལ་ཚོང་དོན་སྟེགས་བུ་ལ་བརྟེན་ནས་ཞིང་ཕྱུགས་ཐོན་རྫས་དང་ཡུལ་སྐོར་ཞབས་ཞུའི་བརྒྱུད་ཚོང་ཐབས་ལམ་རྒྱ་སྐྱེད་དུ་བཏང་བས། ཕྱུགས་ལས་འཕེལ་རྒྱས་ཀྱིས་དམངས་ཕན་དམངས་ཕྱུག་འགྲོ་བའི་བབ་བཟང་ཐོན་ལས་འགྱུར་བ་མ་ཟད། རོང་འབྲོག་དམངས་ཀྱི་ཡོང་སྒོ་ཇེ་མང་དུ་སོང་ནས་ཕྱུག་པོར་འགྱུར་བ་དང་བསང་ཆུ་རྫོང་གི་ཞིང་སྡེའི་དཔལ་འབྱོར་དར་རྒྱས་འབྱུང་བ་མངོན་འགྱུར་ཐུབ་པའོ། །                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།