ཅོ་ནེ་རྫོང་གིས་ཐོན་ཁུངས་བབ་བཟང་ལ་བརྟེན་ནས་དབུལ་སྐྱོར་མཁྲེགས་གཏོར་ལ་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་གྱི་འཐབ་ཇུས་དགོངས་པ་གལ་ཆེན་གཏིང་ཟབ་སྒོས་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། དབུལ་སྐྱོར་མཁྲེགས་གཏོར་བྱ་བ་དེ་ཆེས་ཆེ་བའི་ཆབ་སྲིད་ཀྱི་ལས་འགན་དང“ལས་གྲྭ་ཨང་དང་བོ”རུ་བཟུང་ནས། ས་ཁོངས་ཐོན་ཁུངས་ཀྱི་ལེགས་ཆ་གསར་འཛུགས་བྱས་པ་དང་། སྣ་མང་གི་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་སུ་བཏང་བས་དབུལ་སྐྱོར་མཁྲེགས་གཏོར་བྱ་བར་མངོན་གསལ་གྱི་གྲུབ་འབྲས་བླངས། རྫོང་ཡོངས་ཀྱི་དབུལ་ཕོངས་མི་གྲངས་དེ 2013ལོའི་ཁྱིམ་ཚང6731གི་མི་གྲངས་ཁྲི3.12ནས་ད་ལྟའི་ཁྱིམ་ཚང259ཡི་མི་གྲངས1054རུ་ཇེ་ཉུང་དུ་ཕྱིན་པ་དང་། དབུལ་བོར་གྱུར་ཚད34%ནས1.17%ལ་མར་ཆག

ཐོན་ཁུངས་བབ་བཟང་ལ་བརྟེན་པ། རྫོང་ཐོག་གི་ས་བབ་ཀྱི་ལེགས་ཆ་ལ་གཞིགས་ནས། གཙོ་བོར་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་ལ་ཤུགས་བསྣན་ཏེ། མ་དངུལ་གཏོང་ཚད་ཉུང་བ་དང་། ཕན་འབྲས་ཐོན་མགྱོགས་པ། དོ་དམ་བྱེད་བདེ་བའི་དམངས་ཕྱུག་ཐོན་ལས་དབུལ་ཕོངས་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་པར་བྱས། 

མ་དངུལ་སྒོར་ཁྲི1500བཏང་ནས་སྔོ་ཚལ་གྱི་ཉི་འོད་དྲོད་སྤྱིལ300ཞིག་གསོ་དང་བསྒྱུར་བཀོད་བྱས་ཏེ། སྔོ་ཚལ་གྱི་ཐོན་སྐྱེད་གནས་གཞི3འཛུགས་སྐྲུན་བྱས་པ་དང་། ཧུར་ཐག་སྒོས་སྔོ་ཚལ་གྱི“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་དཔང་དངོས་བདེན་པ་ཡིན་པ་ར་སྤྲོད་བྱས་ཤིང་། མཐོ་སྒང་གི་སྔོ་ཚལ་གྱི་སྤུས་རྟགས་བསྐྲུན་ཏེ། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱུང་དུ་བཅུག ནོར་སྲིད་ཀྱི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་ཁྲོད་ནས་སྒོར་ཁྲི549བཀོད་སྒྲིག་བྱས་ཏེ། ས་ཁུལ་གཞན་ནས་རྒྱུད་བཟང་སྦྲང་མ་ནང་འདྲེན་བྱས་ནས་དབུལ་ཕོངས་ཁྱིམ་ཚང915ལ་རོགས་སྐྱོར་བྱས་ཤིང་། སྦྲང་གསོ་ཆེད་ལས་མཉམ་ལས་ཁང18དང་། སྦྲང་གསོ་ཁེ་ལས8གསོ་སྐྱོང་བྱས་པ་དང་། སྦྲང་མ་གསོ་སྤེལ་བྱེད་པའི་གཞི་ཁྱོན་སྒམ་ཁྲི1.7ཡོད་པ་རེད། མ་དངུལ་སྒོར་ཁྲི190བཏང་ནས་རི་སྐྱེས་གྲོ་མ་མུའུ 1390འདེབས་འཛུགས་བྱས་ཏེ། རོང་འབྲོག་ཁྱིམ་ཚང795ལ་ཕན་འབྲས་ཐོབ་པ་དང་། ས་གནས་དེ་ག་དང་ཉེ་འཁོར་གྱི་དབུལ་ཕོངས་མང་ཚོགས་ལ་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་གྱི་ལམ་བུ་འཚོལ་ཞིབ་བྱས། ཁང་ཐོག་ཤང་གིས་ཕུན་སུམ་ཚོགས་པའི་ཡུལ་སྐོར་རང་བྱུང་ཐོན་ཁུངས་ལ་བརྟེན་ནས། མ་དངུལ་སྒོར་དུང་ཕྱུར4.14ནང་འདྲེན་བྱས་ཏེ་རིག་གནས་ཉམས་ལེན་དང་། སྤྲོ་གསེང་ལུས་རྩལ། མྱུལ་དཔྱད་འཚོལ་ཞིབ། གངས་ཤུད་ར་བ། རྟ་རྒྱུགས་འགྲན་བསྡུར། བོད་ཁྱིམ་དམངས་སྲོལ་སོགས་གཞི་གཅིག་ཏུ་འདུས་པའི་ཕྱོགབས་བསྡུས་ཡུལ་སྐོར་སྤྲོ་སེང་ཁུལ་འཛུགས་སྐྲུན་བྱས་པ་དང་། གྲོང་གསེབ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་སྟེ། ས་གནས་དེ་ག་དང་ཉེ་འཁོར་མང་ཚོགས་ལ་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས། རྫོང་ཡོངས་ཀྱི་རོང་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་ཚད་ལྡན་ཅན་དང་ཁྱད་ཆོས་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་ལྕག་དང་རོགས་སྐྱོར་བྱས་ཏེ། སྐར་རིམ་ཅན་གྱི་ཞིང་ཁྱིམ་སྤྲོ་སྐྱིད་ཁང24དང་སྐར་རིམ་ཅན་མ་ཡིན་པའི་ཞིང་ཁྱིམ་སྤྲོ་སྐྱིད་ཁང68ལ་རོགས་སྐྱོར་བྱ་དགའ་སྤྲད་ཅིང་། ཧུར་ཐག་གིས་ཡུལ་སྐོར་ཆེད་ལས་སྡེ་བ21དང་། ཡུལ་སྐོར་དབུལ་སྐྱོར་སྡེ་བ 5འཛུགས་སྐྲུན་བྱས་པ་དང་། རོང་འབྲོག་ཁྱིམ་ཚང575ཡི་མང་ཚོགས་ལ་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།