ཀྲུང་གོ་བོད་ཀྱི་དྲ་བ།

ཐོག་མའི་བསམ་འདུན། ཀན་ལྷོའི་འདས་དོན། 2018ལོའི་“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད་”ཀན་ལྷོར་བསྐྱོད་པའི་སྤྱི་ཕན་བྱེད་སྒོ་ཆེ་གྲས་སྤེལ་འགོ་ཚུགས།

ཡོང་ཁུངས། : ཀྲུང་གོའི་བོད་ལྗོངས་དྲ་བ།     སྤེལ་དུས། : 2018-07-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020180708645329709450.jpg

འགོ་ཚུགས་མཛད་སྒོ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7ཚེས8ཉིན། “ཐོག་མའི་བསམ་འདུན། ཀན་ལྷོའི་འདས་དོན།”བརྗོད་དོན་བྱས་པའི་2018ལོའི་“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད་”ཀན་ལྷོར་བསྐྱོད་པའི་སྨན་བཅོས་སྤྱི་ཕན་བྱེད་སྒོ་ཆེ་གྲས་དེ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་དུ་འགོ་ཚུགས།

རྒྱལ་ས་དང་རྒྱལ་ཡོངས་ཀྱི་སྨན་བཅོས་སྒྲིག་གཞི200ལྷག་ཙམ་ནས་བསྐྱོད་པའི་སྨན་བཅོས་ཆེད་ལས་མཁས་ཅན་དང་གཅེས་སེམས་མི་སྣ། ཕྱི་རྒྱལ་གྱི་ཆེད་མཁས། སྨྱན་སྦྱོར་དང་བླངས་པ་བཅས་ཁྱོན་མི་1000ལྷག་ཙམ་ཀན་ལྷོར་བསྐྱོད་པའི་སྤྱི་ཕན་བྱེད་སྒོ་ཆེ་གྲས་ནང་དུ་ཞུགས། ཁོ་ཚོས་སྒྲིག་འཛུགས་ཨུ་ལྷན་གྱི་གཅིག་གྱུར་བཀོད་སྒྲིག་འོག ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་དང་ཀླུ་ཆུ་རྫོང་། ཐེ་བོ་རྫོང་། ཅོ་ནེ་རྫོང་། བསང་ཆུ་རྫོང་། འབྲུག་ཆུ་རྫོང་། བཱ་ཙེ་རྫོང་། གཙོས་གྲོང་ཁྱེར་སོགས་རྫོང་དང་གྲོང་ཁྱེར་ཁག་ཏུ་བསྐྱོད་ནས་སྤྱི་ཕན་བྱེད་སྒོ་དུས་ཡུན་གཟའ་འཁོར་གཅིག་རིང་སྤེལ་གྲབས་ཡོད། བྱེད་སྒོས་ནང་དོན་ལ་འོས་འགན་སྨན་བཅོས་དང་སྐོར་སྐྱོད་སྨན་བཅོས། གཅེས་སེམས་གནང་སྦྱིན། ལྷན་སྐྱེས་སྙིང་ནད་དང་ཐུམ་འབུའི་ནད་བརྟག་བཤེར་དང་རོགས་སྐྱོབ། སྤེལ་རོགས་སྟོན་ཁྲིད། ད་དུང་རི་སྐྱེས་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་སྲུང་སྐྱོབ་རྟེན་གཞི་འཛུགས་པ་དང་ཀྲུང་གོའི་བདེ་ཐང་ལེགས་པའི་གྲོང་གསེབ་འཛུགས་སྐྲུན་སོགས་གནད་སྨིན་དབུལ་སྐྱོར་གྱི་རྣམ་གྲངས་སོགས་འདུས།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་རང་རྒྱལ་གྱི་བོད་རིགས་རང་སྐྱོང་ཁུལ་བཅུའི་གྲས་ཤིག་ཡིན་ཞིང་། དུས་ཡུན་རིང་པོའི་ནང་འགྲིམ་འགྲུལ་སྟབས་མི་བདེ་བ་དང་། གནམ་གཤིས་ཧ་ཅང་ཞན་པ། སྨན་བཅོས་ཀྱི་ཆ་རྐྱེན་ཁྱོན་ཡོངས་ནས་ཆུ་ཚད་རྗེས་ལུས་ཡིན་པ་སོགས་རྒྱུ་རྐྱེན་སྣ་ཚོགས་པས་རྐྱེན་གྱིས། ས་གནས་མི་དམངས་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་སྨན་བཅོས་དགོས་མཁོ་དང་དོན་དངོས་ཀྱི་སྨན་བཅོས་ཆ་རྐྱེན་དབར་ཧེ་བག་ངེས་ཅན་གནས་ཡོད། ནད་ཀྱིས་དབུལ་པོར་བསྒྱུར་བ། ནད་ཀྱིས་ཡང་བསྐྱར་དབུལ་པོར་གྱུར་པའི་སྣང་ཚུལ་སྔར་བཞིན་གནས་ཡོད། 2013ལོར་“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད་”རྣམ་གྲངས་ཀྱིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་མཛུབ་ཁྲིད་དང་རྒྱབ་སྐྱོར་འོག ཀན་ལྷོ་ཁུལ་བཙུགས་ཚུན་ནས་གཞི་ཁྱོན་ཆེ་ཤོས་ཀྱི་ལྷན་སྐྱེས་སྙིང་ནད་བརྟག་བཤེར་དང་རོགས་སྐྱོབ་ལས་དོན་སྤེལ། དེ་བས་སྒྲིག་འཛུགས་ཨུ་ལྷན་དང་ཀན་ལྷོའི་མི་རིགས་ཁག་གི་མི་དམངས་བར་བརྩེ་དུང་ཟབ་མོ་ཆགས་པ་དང་འབྲེལ་བ་དམ་པོ་བཙུགས་ཡོད།

W020180708645329700539.jpg

འགོ་ཚུགས་མཛད་སྒོ

2018ལོའི་“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད་”རྣམ་གྲངས་སྤེལ་ནས་ལོ་བཅུ་འཁོར་བ་དང་། སྨན་བཅོས་སྤྱི་ཕན་བྱེད་སྒོ་ཆེ་གྲས་སླར་ཡང་ཀན་ལྷོར་སླེབས། རྒྱུས་ལོན་བྱུང་བ་ལྟར་ན། དུས་འགོར་བརྟག་དཔྱད་བྱས་པའི་འབྲས་བུ་བརྒྱུད། ཐེངས་འདིར་ཀན་ལྷོར་བསྐྱོད་པའི་བྱེད་སྒོས་མུ་མཐུད་དུ་ཕྱོགས་ཡོངས་ནས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་བརྟག་བཤེར་དང་རོགས་སྐྱོབ་སྨན་བཅོས་བྱེད་པ། དུས་མཚུངས་སུ་མཆིན་པའི་ཐུམ་འབུའི་ནད་ལ་བརྟག་བཤེར་དང་རོགས་སྐྱོབ་ལས་དོན་སྤེལ་རྒྱུ་རེད།

ཐེངས་འདིའི་བྱེད་སྒོས་བོད་རིགས་ས་ཁུལ་ལ་བཅར་འདྲི་བྱེད་པའི་སྲོལ་རྒྱུན་བཟང་པོ་མཐའ་འཁྱོངས་བྱས་ཏེ། བོད་རིགས་ས་ཁུལ་གྱི་མང་ཚོགས་ཚོར་དགོས་ངེས་ཀྱི་སྨན་བཅོས་ཞབས་ཞུ་དང་བདེ་ཐང་གི་ཤེས་བྱ་ཁྱབ་གདལ། དྲིལ་བསྒྲགས་སློབ་གསོ། བདེ་ཐང་སློབ་ཁྲིད། སྨན་པའི་ལས་སྒོ་སྤེལ་རེས་སོགས་ཀྱི་བྱ་ཐབས་སྤྱད་ནས་ཀན་ལྷོ་ཁུལ་གྱི་སྨན་བཅོས་ཤེས་ལྡན་མི་སྣའི་ལག་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་བར་རོགས་རམ་བྱ་རྒྱུ་རེད། དུས་མཚུངས་སུ་ད་དུང་“སྐྱེད་མའི་ཁྲུས་ཁང་”དང་། དགོན་སྡེའི་“གཅིག་རེ་བཞིའི་” (དཔེ་མཛོད་ཁང་གཅིག ཁྲུས་ཁང་གཅིག ལུས་སྦྱོང་ཁང་གཅིག སྨན་བཅོས་ཁང་གཅིག་སྐྱེས་འབུལ།)ལས་གྲྭ་འཛུགས་པ་དང་།  དགོན་སྡེར་པདྨའི་མཉམ་འདུས་ནད་དཔྱད་སྟེགས་བུ་བསྐྲུན་ནས་སྨན་བཅོས་ཐད་ཁ་ཕྱོགས་གཏན་འཁེལ་གྱི་རོགས་སྐྱོར་དང་བདེ་ཐང་དབུལ་སྐྱོར་བྱ་རྒྱུ་ཡིན། རི་སྐྱེས་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་སྲུང་སྐྱོབ་རྟེན་གཞི་འཛུགས་པ་དང་ཀྲུང་གོའི་བདེ་ཐང་ལེགས་པའི་གྲོང་གསེབ་འཛུགས་བསྐྲུན་བྱེད་པ་སོགས་གནད་སྨིན་རོགས་སྐྱོར་གྱི་རྣམ་གྲངས་སྤེལ་ནས། དོན་དངོས་ཐོག་རོགས་སྐྱོབ་བྱེད་ཡུལ་གྱི་དགོས་མཁོ་སྐོང་བ་དང་སྤྱི་ཕན་བྱེད་སྒོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་“དབུལ་སྒྲོལ་འགག་སྒྲོལ་”གྱི་འཐབ་ཇུས་བཀོད་སྒྲིག་ལ་རམ་འདེགས་བྱ་དགོས།

ཆར་རླུང་འདྲེས་མའི་ལོ་ཡི་འཁོར་མོ་བཅུའི་རིང་། ཐོག་མའི་བསམ་འདུན་མི་བརྗེད་པར། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་། མུ་མཐུད་དུ་“བདེ་ཐང་ཀྲུང་གོ་”འཛུགས་སྐྲུན་བྱེད་པ་དང་། “གྲོང་གསེབ་དར་རྒྱས་འཐབ་ཇུས་” ལག་བསྟར་བྱེད་པའི་གནས་ཚུལ་འོག་གྲོང་ཁྱེར་ཆེན་པོའི་ནང་གི་སྨན་བཅོས་ཆེད་ལས་མཁས་པ་དང་དང་བླངས་པ། གཅེས་སེམས་མི་སྣ་ཁག་གཞི་རིམ་དུ་བསྐྱོད་པ་བརྒྱུད། བོད་རིགས་ས་ཁུལ་གྱི་མི་དམངས་ཚོའི་བསམ་བློ་ཕྱོགས་གཅིག་ལ་འཁོར་བ་དང་། ངར་ཤུགས་ཕྱོགས་གཅིག་ལ་སྒྲིལ་ཐོག ཐུན་མོང་ཐོག་“ཀྲུང་གོའི་ཕུགས་འདུན་”མངོན་འགྱུར་ལ་བརྩོན་པ་བྱ་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།