ཀྲུང་གོ་བོད་ཀྱི་དྲ་བ།

འབྲུག་ཆུའི་གནའ་བོའི་བོན་གྱི་ཡིག་རྙིང་ལ་སྐབས་དང་པོའི་བོད་ལྗོངས་ལྷ་ས་མངའ་རིས་ཞང་ཞུང་རིག་གནས་རྒྱལ་སྤྱིའི་རིག་གཞུང་དཔྱད་གླེང་ཚོགས་འདུའི་ཐོག་ཚད་མཐོའི་གདེང་འཇོག་ཐོབ་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20180629102351.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོའི་མིའི་རིགས་རིག་པ་དང་མི་རིགས་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱི་མི་རིགས་དུས་ཆེན་ཆེད་ལས་ཨུ་ཡོན་ལྷན་ཁང་དང་། ལྷ་ས་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་། མངའ་རིས་ས་ཁུལ་ཨུ་ཡོན་ལྷན་ཁང་དང་སྲིད་འཛིན་ཀུང་ཧྲུའུ་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་སྐབས་དང་པོའི་བོད་ལྗོངས་ལྷ་ས་མངའ་རིས་ཞང་ཞུང་རིག་གནས་རྒྱལ་སྤྱིའི་རིག་གཞུང་དཔྱད་གླེང་ཚོགས་འདུ་ལྷ་སར་ཚོགས། ཚོགས་རར་འགྲེམ་སྟོན་བྱས་པའི་འབྲུག་ཆུའི་གནའ་བོའི་བོན་གྱི་ཡིག་རྙིང་དང་བོད་ཡིག་དཔེ་སྐྲུན་དངོས་པོར་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པ་མཁས་ཅན་རྣམ་པའི་ཚད་མཐོའི་གདེང་འཇོག་ཐོབ།

ཐེངས་འདིའི་དཔྱད་གླེང་ཚོགས་འདུར་ཨ་རི་དང་དབྱིན་ཇི། ཁ་ན་ཏ། ཧྥ་རན་སི་སོགས་རྒྱལ་ཁབ་དང་། དེ་བཞིན་ཀྲུང་དབྱང་མི་རིགས་སློབ་ཆེན་དང་ལྷོ་ནུབ་མི་རིགས་སློབ་ཆེན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་། བོད་ལྗོངས་སློབ་ཆེན་དང་སི་ཁྲོན། མཚོ་སྔོན། ཀན་སུའུ་སོགས་ཞིང་ཆེན་གྱི་མཐོ་རིམ་སློབ་ཆེན་དང་ཚན་རིག་ཞིབ་འཇུག་ཁང་། སྤྱི་ཚོགས་ལས་རིགས་ཁག་གི་ཞང་ཞུང་རིག་གནས་ཞིབ་འཇུག་བྱ་བ་གཉེར་མཁན་གྱི་ཆེད་མཁས་ལྷན་དུ་འཛོམས་ནས་ཞང་ཞུང་རིག་གནས་ལ་དཔྱད་གླེང་དང་རིག་གཞུང་བརྗེ་རེས་བྱས། ཞང་ཞུང་རིག་གནས་ནི་ཀྲུང་གོའི་བོད་རང་སའི་གནའ་བོའི་རིག་གནས་ཡིན་ཞིང་། གངས་ལྗོངས་ས་མཐོར་འཚོ་བ་རོལ་བའི་མེས་པོ་གོང་མ་རྣམས་ཀྱི་ཤེས་རིག་གི་ཉིང་བཅུད་དུ་གྱུར་པས། བོད་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་ཡུན་རིང་ལྡན་པའི་རྩ་བ་དང་བླ་སྲོག་མཚོན་པ་དང་། གངས་ལྗོངས་ས་མཐོས་མིའི་རིགས་ལ་བཞག་པའི་རིག་གནས་ཤུལ་བཞག་དང་བསམ་པའི་རྒྱུ་ནོར་རྩ་ཆེན་ཡིན།

微信图片_20180629102358.jpg

微信图片_20180629102401.jpg

ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་དཔྱད་གླེང་ཚོགས་འདུས་ཞང་ཞུང་རིག་གནས་དང“རྒྱུད་གཅིག་ལམ་གཅིག”དང་། ཞང་ཞུང་རིག་གནས་དང་མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས། ཞང་ཞུང་རིག་གནས་དང་ཨེ་ཤེ་ཡ་ལྷོ་མའི་བཞུད་ལམ་དང་། ཞང་ཞུང་རིག་གནས་དང་བོད་ཀྱི་གསོ་རིག ཞང་ཞུང་རིག་གནས་དང་མངོན་མིན་རིག་གནས་ཤུལ་བཞག་དང་སྐད་དང་ཡི་གེ་དང་གནའ་རྫས་དང་སྒྱུ་རྩལ། ལོ་རྒྱུས་དང་ཚད་ལྡན་ཡིག་ཆ། ཆོས་ལུགས་དང་རིག་གནས། བོད་ཀྱི་གསོ་རིག་སྨན་རྫས་དང་སྐར་རྩིས་སོགས་ལ་གཞིགས་ཏེ་རིག་གཞུང་ཞིབ་བསྡུར་གྱི་དཔྱད་གླེང་སྤེལ།

ཆེད་དུ་གདན་འདྲེན་ཞུས་པའི་རང་ཁུལ་གྱི་ཚོགས་འདུར་ཞུགས་མཁན་ཀན་ལྷོའི་ཉིན་རེའི་གསར་འགྱུར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བློ་གསལ་གྱིས་བྲིས་པའི་དཔྱད་རྩོམ 《འབྲུག་ཆུའི་བོན་གྱི་དཔེ་རྙིང་དང་ཞང་ཞུང་ཤེས་རིག་བར་གྱི་འབྲེལ་བ》ཞེས་པ་དེ་བགྲོ་གླེང་ཚོགས་འདུའི་ཐོག་སྤེལ་རེས་བྱས་པ་མ་ཟད། འབྲུག་ཆུའི་བོན་གྱི་དཔེ་རྙིང་འཚོལ་བསྡུ་དང་སྔོག་འདོན་ལེགས་སྒྲིག་གི་དྲིལ་བསྒྲགས་བརྙན་ལམ་བསྟན། ཐེངས་འདིའི་དཔྱད་གླེང་ཚོགས་འདུར་བསྡོམས་པས་རིག་གཞུང་དཔྱད་རྩོམ 120 ལྷག་ཙམ་བསྡུ་སྒྲིག་བྱས་པ་དེར་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆ་དང་བྲག་བརྐོས་རི་མོ། གདོད་མའི་བོན་ཆོས། བོད་ཡིག་ཡིག་རྙིང་། ཞང་ཞུང་སྐད། གཤིན་པོ་དུར་སྐྱེལ་གྱི་ཡུལ་སྲོལ་གོམས་གཤིས། ཞང་ཞུང་ཞབས་བྲོ་སོགས་དང་འབྲེལ་བའི་འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་ཡོད། གཞན་ཡང་ཞང་ཞུང་རིག་གནས་དང་འབྲེལ་བ་ཡོད་པའི་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་ཀྱི་རྩ་ཆེའི་དངོས་པོ་ཚོགས་རར་འགྲེམ་སྟོན་བྱས་པ་དང་། ཚོགས་རའི་འགྲེམ་སྟོན་དུ་བཤམས་པའི་འབྲུག་ཆུར་རྙེད་པའི་གནའ་བོའི་བོན་གྱི་དཔེ་རྙིང་སྐོར་ཞིག་དང་བོད་ཡིག་དཔེ་སྐྲུན་དངོས་པོ་ཁག་ཅིག་ལ་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པ་མཁས་ཅན་ཚོས་དོ་ཁུར་ཆེན་པོ་བྱས་པ་མ་ཟད། ཆེད་མཁས་རྣམ་པས་དཔེ་རྙིང་རྙེད་པའི་བརྒྱུད་རིམ་དང་མིག་སྔའི་ཉར་ཚགས་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་དཔེ་རྙིང་དང་དཔེ་སྐྲུན་དངོས་པོ་ལ་གདེང་འཇོག་ཚད་མཐོན་པོ་གནང་།

微信图片_20180629102404.jpg

微信图片_20180629102407.jpg

གནའ་བོའི་ཞང་ཞུང་རིག་གནས་དེས་རྗེས་རབས་ལ་རིག་གནས་ཀྱི་ཕྱོགས་དང་ཆོས་ལུགས་ཀྱི་ཕྱོགས་གང་ཡིན་གྱིས་ཤུགས་རྐྱེན་ཧ་ཅང་ཆེན་པོ་བཞག་ཡོད་པ་མ་ཟད། ཐ་ན་མཐའ་འཁོར་རྒྱལ་ཁབ་དང་མི་རིགས་གཞན་དག་མང་པོ་ལ་ཤུགས་རྐྱེན་ཐེབས་ཡོད། ད་ལྟའི་བར་དུ་འཛམ་གླིང་ས་གནས་ཁག་གི་རིག་གནས་དང་སྒྱུ་རྩལ། ཆོས་ལུགས་སོགས་ཀྱི་ཁྱབ་ཁོངས་སུ་སྔར་བཞིན་འདི་དག་ནི་གནའ་བོའི་ཞང་ཞུང་ཤེས་རིག་གི་མཚོན་རྟགས་ཡིན་པ་རྙེད་ཐུབ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།