ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱི་དབུལ་ཐར་བྱ་བར་ཁྱད་ཆོས་གསར་བ་ལྔ་འབུར་དུ་ཐོན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-02-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2017ལོར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་ཐར་གྱི་གཞི་རྩའི་འཐབ་ཇུས་ཚང་མ་ལག་བསྟར་བྱས་ཏེ། ཤུགས་ཆེན་པོས་དབུལ་སྐྱོར་བྱ་བའང་ཁེབས་རྒྱ་བསྐྱེད་པ་ནས་གཏིང་ཇེ་ཟབ་ཏུ་བཏང་བས། དབུལ་ཐར་མཁྲེགས་གཏོར་བྱ་བར་གྲུབ་འབྲས་གསར་བ་བླངས། ཁུལ་ཡོངས་ཀྱི་ཁྱིམ་ཚང4281གི་མི་གྲངས19645དབུལ་ཐར་བྱུང་བ་དང་། འཆར་གཞིའི་ལས་འགན་གྱི111%ལེགས་གྲུབ་བྱུང་། གཙོས་གྲོང་ཁྱེར་གྱིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པའི་དམིགས་འབེན་བདུན་པོ་ཚད་ཐིག་ལ་ཐོན་ནས། ཁུལ་རིམ་པའི་ཐོག་མའི་ཞིབ་བཤེར་ལས་ཆོག་མཆན་ཐོབ་རྗེས་རྒྱལ་ཁབ་རིམ་པའི་ཞིབ་བཤེར་དཔྱད་དཔག་ལ་གྲ་སྒྲིག་བྱེད་བཞིན་པའི་སྒང་ཡིན།

རྨང་གཞིའི་བྱ་བ་གསར་དུ་གོང་འཕེལ་བྱུང་ཡོད་དེ། དབུལ་ཕོངས་མི་གྲངས་ལྟར་དུ་ཡིག་ཚགས་བྱང་བུ་བཟོ་པའམ་དོ་དམ་བྱ་བ་དེ་གནད་ཁེལ་དབུལ་སྐྱོར་གྱི་རྨང་གཞིའི་བྱ་བ་ཞིག་ཏུ་བརྩིས་ནས་དམ་པོར་བཟུང་བ་དང་། ཁུལ་ཡོངས་དེ་རྒྱལ་ཁབ་ཀྱི“ཁུལ་གསུམ་ཆུས་གསུམ”གྱི་དབུལ་ཕོངས་ས་ཆའི་གྲས་སུ་ཚུད་པའི་ཁར། ལིན་ཐན་དང་འབྲུག་ཆུ་རྫོང་གཉིས་དང་། ཤང་གྲོང་གཉིས། སྡེ་བ67དེ་ཞིང་ཆེན་རིམ་པའི་ཧ་ཅང་ དབུལ་ཕོངས་ཡིན་པའི་རྫོང་དང་ཤང་། སྡེ་བ་བཅས་སུ་བདམས་ཤིང་། ཤང་གྲོང38དང་སྡེ་བ47དེ་ཁུལ་རིམ་པའི་ཧ་ཅང་དབུལ་ཕོངས་ཀྱི་ཤང་དང་སྡེ་བར་བདམས་ཡོད་པས། རྗེས་ཕྱོགས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་ས་གཙོ་བོ་རུ་གྱུར་ཡོད་པ་རེད།

མ་དངུལ་གཏོང་བར་ཐོད་བརྒལ་གསར་བ་ཡོད་པ། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི2017ལོའི་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར5.5དམིགས་སར་འབྱོར་བ་བརྩོན་ལེན་བྱས་པ་དང་། 2018ལོའི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར4.8ཀྱི་འཆར་འགོད་སྐོར་དང་པོ་ད་སྐབས་རྫོང་རིམ་པར་འབྱོར་ཞིང་། 2017ལོའི་སྐོར་ཁག་དང་པོ་དང་བསྡུར་ན་སྒོར་དུང་ཕྱུར1.2ཇེ་མང་དུ་སོང་ཡོད། ཁུལ་རིམ་པའི་ནོར་སྲིད་ཀྱིས་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་སྒོར་ཁྲི145.8དངོས་འབེབས་བྱས་པས་དཔྱད་འཇོག་གི་དམིགས་ཚད་གྲུབ་ཡོད། སྤྱི་ཚོགས་ཀྱི་རོགས་དངུལ་སྣ་ཚོགས་གཅིག་སྡུད་བཀོད་འདོམས་བྱས་པ་སྟེ། ཐེན་ཅིན་གྲོང་ཁྱེར། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཁ་གཏད་རོགས་སྐྱོར་ལས་ཁུངས། ཞིང་ཆེན་ནང་ཁུལ་གྱི “གྲོང་ཁྱེར་བདུན་དང་ཁེ་ལས་དགུ”ཡི་རོགས་དངུལ་སྒོར་དུང་ཕྱུར2.21དངོས་འབེབས་བྱས།

ལས་རིགས་དབུལ་སྐྱོར་ལ་གྲུབ་འབྲས་གསར་བ་བླངས་ཡོད་དེ། “སེམས་ཚེགས་མེད་པ་གཉིས་དང་འགན་སྲུང་གསུམ”དང་། ཐོན་ལས་དབུལ་ཐར། ངལ་ལས་དབུལ་ཐར། གནས་སྤོར་དབུལ་ཐར། སློབ་གསོའི་དབུལ་ཐར། འཕྲོད་བསྟེན་དབུལ་ཐར། སྨན་བཅོས་ འགན་སྲུང་དང་སྨན་བཅོས་རོགས་སྐྱོབ། འཚོ་རྟེན་འགན་སྲུང་གི་དབུལ་ཐར། ཞིང་སྡེའི་ཉེན་ཁ་ཅན་གྱི་སྡོད་ཁང་ཞིག་གསོ། འཐུང་ཆུ་བདེ་འཇགས་བཟོ་སྐྲུན་སོགས་ཀྱི་དམིགས་འབེན་དོན་ཚན་དགུ་ལ་གཞིགས་ནས། ཁུལ་ཐད་གཏོགས་ལས་ཁུངས་དང་སྡེ་ཁག་གིས་གྲོང་སྡེ་དང་ཁྱིམ་ཚང་གི་དབུལ་སྐྱོར་རྩིས་ཐོ་འཐུས་ཚང་དུ་བཏང་བ་དང་། ནུས་ཤུགས་གང་ཡོད་ཀྱིས་སྐུལ་འདེད་བྱས་ནས་དབུལ་ཐར་མཁྲེགས་གཏོར་ལ་མཐུན་རྐྱེན་གང་ལེགས་བསྐྲུན།

སྤྱི་ཚོགས་དབུལ་སྐྱོར་ལ་འཕེལ་རྒྱས་གསར་བ་བྱུང་ཡོད་དེ། འགོ་ཁྲིད་ལས་བྱེད་པས་རྫོང་ལ་འབྲེལ་ལམ་འཛུགས་པ་དང་ཤང་འགན་ལེན། སྡེ་བ་དམ་འཛིན་བཅས་ཀྱི་ལམ་ ལུགས་བཙུགས་ནས་ལས་ཁུངས་ཀྱི་ཁ་གཏད་རོགས་སྐྱོར་བྱ་བར་སྐུལ་འདེད་བྱས་པ་དང་། དབུལ་ཕོངས་སྡེ་བ284དང་ཆེས་དབུལ་ཕོངས་ཅན་གྱི་ཡིག་ཚགས་བཟོས་པའི་སྡེ་བ34ལ་སྡེ་བར་སྡོད་པའི་རོགས་སྐྱོར་ལས་སྣེ་དང་ཧྲུའུ་ཅི་དང་པོ་རེ་མངགས་པ་མ་ཟད། རང་འགུལ་སྒོས་ཐེན་ཅིན་གྲོང་ཁྱེར་དང་འབྲེལ་ཡོད་ས་ཁུལ། ཀྲུང་དབྱང་རྩ་འཛུགས་པུའུ་སོགས་ཀྲུང་དབྱང་གི་གཏན་འཁེལ་དབུལ་སྐྱོར་ལས་ཁུངས་ལ་འབྲེལ་བ་བྱས་ནས། ལས་གཞིའི་རོགས་དངུལ་བརྩོན་ལེན་བྱས་པ་དང་ཆབས་ཅིག་ཏུ་མཉམ་ལས་བརྗེ་རེས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་བ་དང་། སྤྱི་ཚོགས་རོགས་སྐྱོར་བྱ་བ་དེ་རིམ་པ་དང་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་ཡར་སྐུལ་བྱས།

དབུལ་ཐར་འགག་སྒྲོལ་ལ་གོ་སྐབས་གསར་བ་རྙེད་པ་སྟེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཧ་ཅང་དབུལ་ཕོངས་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་གཅིག་གྱུར་བཀོད་འདོམས་བྱེད་པའི་བླང་བྱ་ལྟར། སྲིད་ཇུས་དང་གནད་དོན་ལ་བསྟུན་པའི་འཆར་འགོད་བཟོས་ཏེ། སྤྱིའི་གཏོང་དངུལ་སྒོར་དུང་ཕྱུར74ཡིན་པའི་ཀན་ལྷོ་ཁུལ་གྱི“1+8” དང 1+N”གྱི་དབུལ་སྐྱོར་འཆར་གཞི་བཀོད་པ་དང་། མ་འོངས་པའི་ལོ་གསུམ་གྱི་རིང་ལ་ཐོན་ལས་གསོ་སྐྱོང་དང་ནུས་རྩལ་གསོ་སྦྱོང་། སློབ་གསོའི་དབུལ་སྐྱོར། བདེ་ཐང་དབུལ་སྐྱོར། སྡོད་ཁང་བདེ་འཇགས་དང་འགན་སྲུང་། ཡུལ་མི་གནས་སྤོར། སྐྱེ་ཁམས་དབུལ་སྐྱོར། སྡེ་བའི་ཐོན་སྐྱེད་འཚོ་བའི་རྨང་གཞིའི་སྒྲིག་བཀོད་ཇེ་ལེགས་སོགས་དབུལ་སྐྱོར་གནད་ཁེལ་དང་དབུལ་ཐར་མཁྲེགས་གཏོར་གྱི་ལས་གཞི་ལག་བསྟར་བྱས་ནས། དབུལ་ཐར་མཁྲེགས་གཏོར་ལ་སྲིད་ཇུས་ཀྱི་འདེགས་སྐྱོར་བཟང་བོ་བྱ་རྒྱུའི་འཆར་གཞི་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།