ཀྲུང་གོ་བོད་ཀྱི་དྲ་བ།

2017ལོར་ཀན་ལྷོ་ཁུལ་གྱི་ནགས་ལས་བྱ་བར་དགེ་མཚན་མང་བོ་ལྡན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-01-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2017ལོར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་རྫོང་གི་རིམ་པ་སོ་སོའི་ནགས་ལས་སྡེ་ཁག་གིས“སྐྱེ་ཁམས་ནགས་ལས”དང“དམངས་འཚོ་ནགས་ལས”ཞེས་བརྗོད་བྱ་གཙོ་བོ་གཉིས་ལ་དམིགས་ནས། “ལྗང་མདོག་གོང་འཕེལ་བཏང་ནས། ཁོར་ཡུག་གསར་བརྗེ་རིམ་སྤར་བྱ་རྒྱུའི”འཐབ་ཇུས་ལག་བསྟར་དང་གཅིག་གྱུར་གྱིས་འཆར་འགོད་བྱས་ནས། ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་ཐོན། ལོ་ཧྲིལ་བོར་ནགས་ལས་ཁྲོད་མ་དངུལ་སྒོར་དུང་ཕྱུར2.3དོན་འཁྱོལ་བྱས་ཤིང་། ནགས་ཚལ་མུའུ་ཁྲི 16.92བསྐྲུན་པ་དང་། ནགས་ལས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར6.1ལ་བསླེབས། ནགས་ཚལ་གྱི་ཁེབས་ཚད2016ལོ་ལས་བརྒྱ་ཆའི་གྲངས་གནས0.96འཕར་བ་དང14.37%ལ་བསླེབས། ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི2.34འཕར་སྣོན་བྱུང་བ་དང་། ནགས་ཚལ་བསགས་ཚད་སྨི་གྲུ་བཞི་ལྷམ་པ་ཁྲི1822.7ལ་བསླེབས། 

སྐྱེ་ཁམས་འཛུགས་སྐྲུན་དང་དམངས་འཚོ་ལེགས་བཅོས་ནི་གཅིག་ལ་གཅིག་ཕན་ཡིན་པས། རང་ཁུལ་གྱི་ནགས་ལས་སྐྱེ་ཁམས་འཛུགས་སྐྲུན་གྱིས་རྨོ་བསྐྱུར་ནགས་འཛུགས་དང་གྲོང་ཁྱེར་ལྗང་འགྱུར་སོགས་འཛུགས་སྐྲུན་གཙོ་བོར་དམིགས་ནས། ནགས་ཚལ་མུའུ་ཁྲི16.92བསྐྲུན་ཞིང་། དེའི་ཁྲོད་དུ་རྨོ་བསྐྱུར་ནགས་འཛུགས་མུའུ་ཁྲི5.86བྱས་ཏེ་རྫོང3གྱི་ཁྱིམ་ཚང5000ལྷག་དང་རོང་འབྲོག་པ་མང་ཚོགས་ཁྲི2དང་འབྲེལ་བས། མང་ཚོགས་ལ་ཡོང་འབབ་སྒོར་ཁྲི3600ལྷག་འཕར་སྣོན་བྱུང་། འབྱོར་འབྲིང་སྡེ་བ300ལྗང་འགྱུར་བྱས་ཤིང་ཐོགས་མེད་བགྲོད་ལམ་སྤྱི་ལེ270བསྐྲུན། ནང་སྒོས་སུ། ལིན་ཐན་རྫོང་མགོ་ནང་ཐང་དང་བསྒྲུབས་རྒྱོ་བཅས་ཤང་གྲོང2ཀྱི་སྡེ་བ15དང་རང་བྱུང་སྡེ་བ59རུ་རྨོ་བསྐྱུར་ནགས་འཛུགས་ལས་གཞི་དང་འབྲེལ་ནས། མཛེས་ཁུལ་ཆེན་པོའི་ལྗང་འགྱུར་མཛེས་བཟོ་ལས་གཞི་ལག་བསྟར་བྱས་པས། གཞི་ཁྱོན་ཅན་གྱི་གཅིག་སྡུད་ནགས་འཛུགས་མུའུ་ཁྲི2.1ལེགས་གྲུབ་བྱུང་།

ནགས་ལས་ཀྱི་གནད་ཁེལ་དབུལ་སྐྱོར་དང་དབུལ་ཐར་ལ་གྲུབ་འབྲས་མངོན་གསལ་ཐོན་པ། ནགས་སྲུང་ལས་གཞི་དང་སྤྱི་ཕན་ནགས་བཟོ། ནགས་འཛུགས་གསབ་དངུལ་སོགས་ལས་གཞི་ལག་བསྟར་དང་ནགས་འཛུགས་ལྗང་འགྱུར་སོགས་ལས་འགན་བཀོད་སྒྲིག་བྱེད་དུས། ལས་གཞི་དང་མ་དངུལ་གཙོ་བོ་དབུལ་ཕོངས་སྡེ་བ་དང་དབུལ་ཕོངས་མང་ཚོགས་ལ་ཕྱོགས་ཤིང་། སྐྱེ་ཁམས་ཕན་འབྲས་ཀྱི་སྐྱིན་གསབ་དང་བདག་སྐྱོང་གི་གསབ་དངུལ་བརྒྱུད་དེ། དབུལ་ཕོངས་མི་གྲངས་ཀྱི་ཐོན་སྐྱེད་འཚོ་བའི་ཁོར་ཡུག་ལེགས་བཅོས་བྱུང་བར་རོགས་རམ་བྱས། སྐྱེ་ཁམས་བདག་སྐྱོང་བ3761དོན་འཁྱོལ་བྱས་ཤིང་། མི་རེར་ལོ་རེར་སྒོར8000ཁ་གསབ་བྱས་པ་མ་ཟད། མི6338ཞིང་ཆེན་དང་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ལག་བསྟར་འཆར་གཞིའི་ནང་དུ་འཇུག་པར་བརྩོན་ལེན་བྱས། བསྡོམས་རྩིས་བྱས་ན་ཁྱིམ་ཚང་ཁྲི1.098ཀྱི་དབུལ་ཕོངས་མང་ཚོགས་ཁྲི1.098ནགས་ལས་ལ་བརྟེན་ནས་བདེ་བླག་ངང་དབུལ་ཐར་བྱུང་། ཐབས་བརྒྱ་ཇུས་སྟོང་གིས་ནགས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བཏང་བས། ནགས་ཁུལ་གྱི་དབུལ་ཕོངས་མང་ཚོགས་ཁྲི4ལྷག་ལ་ཕན་པ་ཐོབ།

ནགས་འཛུགས་ལྗང་འགྱུར་གྱི་ལས་འགན་ཚད་བརྒལ་དུ་ལེགས་གྲུབ་བྱུང་བ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁག་གིས་དུས་སྔ་མོ་ནས་འཆར་འགོད་དང་བཀོད་སྒྲིག་བྱས་ཏེ་དབྱར་དུས་ཀྱི་ནགས་འཛུགས་བྱ་བ་དམ་འཛིན་བྱས་ཏེ། ལོ་ཧྲིལ་བོར་མིས་བཟོས་ནགས་ཚལ་མུའུ་ཁྲི10.62ལེགས་གྲུབ་བྱུང་ཞིང་། ལོ་ཧྲིལ་བོའི་འཆར་གཞིའི112%ཟིན། དེའི་ཁྲོད་དུ་འོས་འགན་སྡོང་འཛུགས་ཀྱིས་སྡོང་རྐང་ཁྲི250.2ལེགས་གྲུབ་བྱུང་བ་དང་། སྡོང་རྐང་ཁྲི 50.2ཚད་བརྒལ་དུ་ལེགས་གྲུབ་བྱུང་།

ནགས་ཚལ་ཐོན་ཁུངས་ལ་སྲུང་སྐྱོང་ནུས་ལྡན་ཐོབ། ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་དུས་ཡུན་ཟླ3གྱི་ནགས་ཚལ་ཐོན་ཁུངས་བདེ་འཇགས་སྲུང་སྐྱོང་བྱེད་པའི“ཉིན་བརྒྱའི་བྱ་འགུལ”སྤེལ་ནས། ཁྲིམས་དང་མི་མཐུན་པའི་སྒོ་ནས་ཉོ་སྒྲུབ་དང་ལས་གཉེར། ཤིང་ཆ་ལས་སྣོན་སོགས་བྱེད་པའི་བྱ་སྤྱོད་ལ་ཞིབ་གཅོད་ནན་མོ་བྱས། 2017ལོར། ཁུལ་ཡོངས་སུ་བསྡོམས་པས་ནགས་ལས་སྲིད་འཛིན་གྱོད་དོན50བསྒྲུབས་པ་དང་། ནགས་ལས་སྲིད་འཛིན་གྱོད་དོན་ཞིབ་གཅོད་བྱེད་ཚད100%ལ་བསླེབས། གྱོད་དོན་ཐག་གཅོད་ཚད96%ཡིན་པས། མི70ལ་ཆད་པ་བཅད་ཅིང་། སྒོར་ཁྲི28.4642ཀྱིས་དངུལ་ཆད་བཅད། ནགས་ཚལ་མེ་འགོག་གི་འགན་འཁྲི་ལམ་ལུགས་ལག་བསྟར་དོན་འཁྱོལ་དང་མངོན་མེད་རྐྱེན་ངན་ཞིབ་བཤེར་བྱ་བ་ནན་མོ་སྤེལ་བ་བརྒྱུད། ལོ་ཧྲིལ་བོར་ཁུལ་ཡོངས་སུ་ནགས་ཚལ་མེ་སྐྱོན་ཚབས་ཆེན་གཅིག་ཀྱང་མ་བྱུང་བས། ནགས་ཚལ་ཐོན་ཁུངས་ཀྱི་བདེ་འཇགས་འགན་སྲུང་བྱས། །                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།