ཀྲུང་གོ་བོད་ཀྱི་དྲ་བ།

2017ལོའི《ཟླ་ཟེར》བགྲོ་གླེང་དང་བྱ་དགའ་སྤྲོད་པའི་ཚོགས་འདུ་གཙོས་སུ་འཚོགས་པ་དང་རྩོམ་པ་པོ་མི་བརྒྱད་ལ་ལོ་འཁོར་བྱ་དགའ་ཐོབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།


ཚོགས་རའི་ཡུལ་དངོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། ཆས་པ་རྟ་མགྲིན་ཚེ་རིང་།)ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་།བོད་ཀྱི་རྩོམ་རིག་སྒྱུ་རྩལ་ལས་དོན་དར་རྒྱས་ཕུན་སུམ་ཚོགས་པར་སྐུལ་འདེད་གཏོང་བ།《ཟླ་ཟེར》དུས་དེབ་ཀྱི་སྤུས་ཚད་སྔར་ལས་མཐོར་འདེགས་འབྱུང་བ་བཅས་ཀྱི་ཆེད་དུ། ཀན་ལྷོ་ཁུལ་རིག་རྩལ་ལྷན་ཚོགས་ཀྱིས་2017ལོའི《ཟླ་ཟེར》   དུས་དེབ་ཀྱི་བགྲོ་གླེང་དང་ཕུལ་བྱུང་བརྩམས་ཆོས་ལ་བྱ་དགའ་སྤྲོད་པའི་ཚོགས་འདུ་དེ་ཟླ་1པའི་ཚེས་16ལ་གཙོས་སུ་འཚོགས།ཁུལ་ཡོངས་ཀྱི་རྩོམ་པ་བོ་མི་བཞི་བཅུ་ལྷག་ཚོགས་འདུར་ཞུགས་ཤིང་། ཁོ་ཚོས《ཟླ་ཟེར》དུས་དེབ་སྒྲུབ་པའི་དགེ་སྐྱོན་ཐད་བསམ་འཆར་ལྷུག་པོར་བརྗོད་པ་དང་། ཚང་མས་མགྲིན་གཅིག་ཏུ《ཟླ་ཟེར》དུས་དེབ་ཀྱིས་ཏང་གི་རིག་རྩལ་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་ཅིང་། རྩོམ་ཡིག་གི་ནང་དོན་དང་དུས་དེབ་ཀྱི་རྒྱུ་སྤུས་བཅས་ཕྱོགས་གང་ཐད་དུ་སྔར་ལས་ཇེ་བཟང་ཇེ་ལེགས་སུ་གཏོང་བའི་བསམ་འཆར་བཏོན།

1.jpg

ཚོགས་རའི་ཟུར་ཞིག

2017ལོའི《ཟླ་ཟེར》དུས་དེབ་ཀྱི་ལོ་འཁོར་བྱ་དགའ་དེ།  ལོ་དེར《ཟླ་ཟེར》དུ་བཀོད་པའི་སྒྲུང་གཏམ་དང་སྙན་རྩོམ། ལྷུག་རྩོམ་བཅས་ལས་བདམས་ཐོན་བྱུང་ཞིང་། ཐོག་མར་རྩོམ་སྒྲིག་འགན་ཁུར་བས་མཚམས་སྦྱོར་ཞུས་པའི་རྨང་གཞིའི་ཐོག་རྩོམ་སྒྲིག་ཚོགས་པའི་ཨུ་ཡོན་རྣམས་ཀྱིས་རྩོམ་ཡིག་རེ་རེ་བཞིན་དཔྱད་བསྡུར་བྱས་པ་དང་།  དཔྱད་བདམས་ཀྱི་བརྒྱུད་རིམ་ཀུན་ཏུ་རྩོམ་སྒྲིག་པ་དང་རྩོམ་སྒྲིག་ཨུ་ཡོན་རྣམས་ཀྱིས་འདྲ་མཉམ་དང་དྲང་བདེན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། མཐར་ཀན་ལྷོ་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་ཏང་ཙུའུ་གྲོས་ཚོགས་བརྒྱུད་དེ་ཐག་གཅོད་བྱུང་། གཞན་བྱ་དགའ་ཐོབ་པའི་རྩོམ་པ་པོ་ཨ་དོན་དང་གཅོད་པ་འཚོ་གཉིས་ཀྱིས་རྩོམ་པ་པོའི་འཐུབ་ཚབ་ཏུ་གཏམ་བཤད་བྱས།

10.jpg

རྩོམ་པ་པོ་ཨ་དོན་ནམ་ཚེ་རིང་དོན་གྲུབ་ཀྱིས་གཏམ་བཤད་བཞིན་པ།

9.jpg

རྩོམ་པ་པོ་གཅོད་པ་འཚོས་གཏམ་བཤད་བཞིན་པ།

2017ལོའི《ཟླ་ཟེར》དུས་དེབ་ཀྱི་ཕུལ་བྱུང་བརྩམས་ཆོས་ཀྱི་བྱ་དགའ་དེ་རྩོམ་པ་པོ་མི་བརྒྱད་ལ་ཐོབ་པ་སྟེ།  གཅོད་པ་འཚོའི《དབྱར་རྩྭ་དགུན་འབུའི་གསང་བ》དང་ཚེ་རིང་དོན་གྲུབ་ཀྱི《སྐད་ཆ་མེད་པའི་སྐྱེལ་མ》ལ་སྒྲུང་གཏམ་གྱི་ལོ་འཁོར་བྱ་དགའ་ཐོབ་པ་དང་། རྡོ་སྦིས་ཀླུ་རྒྱལ་དོན་གྲུབ་ཀྱི《མི》དང་རྨེ་རུ་མགོན་པོ་སྐྱིད་ཀྱི《ཆར་གདུགས་འོག་ཏུ།》སྙིང་དཀར་ཚེ་རིང་གི《པོ་ཏཱ་ལ།》ཐོ་ཡོར་གྱི《སེམས་གཏམ》ལ་སྙན་རྩོམ་གྱི་ལོ་འཁོར་བྱ་དགའ་ཐོབ། བྱམས་པ་དོན་གྲུབ་ཀྱི《བུ་མོ་དང་ཨ་ཕའི་སེམས་གཅོང》དང་བསོད་ནམས་དོན་གྲུབ་ཀྱི《ཧྭ་པ་བཀྲ་ཤིས་ཀྱི་གྲོས་གཞི》ལ་ལྷུག་རྩོམ་གྱི་ལོ་འཁོར་བྱ་དགའ་ཐོབ་ཡོད། །

 5.jpg

བྱ་དགའ་ཐོབ་པའི་རྩོམ་པ་པོ་རྣམས།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།