ཀན་ལྷོ་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་ལེགས་གྲུབ་བྱུང་བའི་གནས་ཚུལ་ལ་དཔྱད་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིང་གི་ཐིང་ཀྲང་གཞོན་པ་སུང་ཡུས་ལུང་གིས་སྣེ་ཁྲིད་པའི་ཞིང་ཆེན་སྲིད་གཞུང་དཔྱད་ཞིབ་ཚན་ཆུང་དང་པོས་ཀན་ལྷོ་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་གི་དམིགས་འབེན་འགན་འཁྲིའི་ཡི་གེ་ལེགས་གྲུབ་བྱུང་བའི་གནས་ཚུལ་ལ་དཔྱད་ཞིབ་བྱས་པ་མ་ཟད་སྙན་ཞུའི་གྲོས་ཚོགས་བསྡུས།

ཁུལ་དཔོན་གཞོན་པ་ཀྲའོ་སི་པེ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།

བསྟུད་མར་ཉིན་འགར། སུང་ཡུས་ལུང་འཁོར་དང་བཅས་པ་གཙོས་དང་ཀླུ་ཆུ། ལིན་ཐན་སོགས་རྫོང་དང་གྲོང་ཁྱེར་དུ་ཟབ་ཞུགས་བྱས་ཏེ། སྙན་ཞུར་ཉན་པ་དང་དཔྱད་གཞིའི་ཡིག་རིགས་ལ་ལྟ་བ། ཡུལ་དངོས་སུ་རྟོག་ཞིབ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས། རང་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་གི་དམིགས་འབེན་འགན་འཁྲིའི་ཡི་གེ་ལེགས་གྲུབ་བྱུང་བའི་གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱས།

སྙན་ཞུའི་གྲོས་ཚོགས་སུ། རང་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་བྱ་བ་ལེགས་གྲུབ་བྱུང་བའི་གནས་ཚུལ་གྱི་སྙན་ཞུར་ཉན་རྗེས། སུང་ཡུས་ལུང་གིས་རང་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་གི་བྱ་བ་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། ཀན་ལྷོ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོང་གི་བྱ་བར་མཐོང་ཆེན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་མི་མཐུད་དུ་ཆེ་རུ་བཏང་བ་དང་། ལྷག་པར་དུ་ཁོངས་ཡོངས་སུ་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་པ་དེ་ང་ཚོས་སློབ་སྦྱོང་བྱེད་འོས་པ་ཞིག་རེད། ཞིང་ཆེན་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོང་གི་དམིགས་འབེན་འགན་འཁྲིའི་ཡི་གེའི་ནང་གཏན་ཁེལ་བྱས་པའི་འགན་ཁུར་ཁག་ལ་དམ་པོར་དམིགས་ནས་ཁོར་ཡུག་སྲུང་སྐྱོང་གི་དམིགས་འབེན་འགན་འཁྲིའི་ཡི་གེ་དང་རླུང་ཁམས་ཆེན་མོ་དང་ས་རྒྱུའི་བཙོག་འབུད་ཉུང་གཏོང་གི་དམིགས་འབེན་དམ་པོར་བཟུང་ཞིང་ཞིབ་བཤེར་ཆོག་མཆན་དང་ལྟ་སྐུལ་དོ་དམ་ནན་མོ་བྱས་པ། ཁྲིམས་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པས་བྱ་བ་སོ་སོར་གྲུབ་འབྲས་མངོན་གསལ་དོད་པོ་བླངས།

ཀྲའོ་སི་པེ་ཡིས་ནན་ཏན་གྱིས་རྒྱལ་ཁབ་དང་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་བཀོད་སྒྲིག་ལག་ལེན་དོན་འཁྱོལ་བྱས་ནས་སྔོ་ལྗང་གི་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་ཐོག་མཐའ་བར་གསུམ་དུ་སྔོན་ལ་སྲུང་སྐྱོང་རྒྱུན་འཁྱོངས་དང་ཁོར་ཡུག་སྲུང་སྐྱོང་གི་འབུར་ཐོན་གྱི་གནད་དོན་ལེགས་བཅོས་དང་ཡོ་བསྲང་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ་ཁོར་ཡུག་སྲུང་སྐྱོང་སྒྲིག་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་ཁོར་ཡུག་སྲུང་སྐྱོང་གི་བྱ་བ་ལེགས་པོ་བསྒྲུབ་དགོས་ཞེས་བསྟན།

ཁུལ་ཁོར་ཡུག་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་སྡེ་ཚན་སོ་སོའི་འགན་ཁུར་བ་སྙན་ཞུའི་གྲོས་ཚོགས་སུ་ཞུགས།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།