ཀྲུང་གོ་བོད་ཀྱི་དྲ་བ།

བླ་བྲང་དགོན་པའི་ལྷ་ཁང་བདུན་གྱི་རིག་དངོས་གཙོ་བོ་ཞིག་གསོ་བྱེད་པའི་བྱ་བ་ལེགས་འགྲུབ་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1499741954223641.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འཛམ་གླིང་བོད་རིག་པའི་སློབ་གླིང་དུ་གྲགས་པའི་བླ་བྲང་དགོན་པ་ལ། ད་ལོར་གསར་དུ་ལྷ་ཁང་དྲུག་གི་རིག་དངོས་གཙོ་བོ་སྲུང་སྐྱོབ་དང་ཞིག་གསོའི་བྱ་བ་ལེགས་འགྲུབ་བྱུང་ཞིང་། དེའི་ཁར་ཡར་སྔོན་ནས་ཞིག་གསོ་ལེགས་འགྲུབ་བྱུང་བའི་ཞབས་བརྟན་ལྷ་ཁང་དེ་བཞག་ན། ད་སྐབས་བསྡོམས་པས་བླ་བྲང་དགོན་པའི་རིག་དངོས་སྲུང་སྐྱོབ་བཟོ་སྐྲུན་ལས་ལྷ་ཁང་བདུན་གྱི་རིག་དངོས་གཙོ་བོ་ཞིག་གསོ་ལེགས་གྲུབ་བྱུང་།

བསང་ཆུ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་གཞོན་པའམ། བླ་བྲང་དགོན་པའི་རིག་དངོས་ཞིག་གསོའི་འགན་ཁུར་བས་གསར་འགོད་པར་མཚམས་སྦྱོར་བྱས་པ་ལྟར་ན། ད་ལོར་བླ་བྲང་དགོན་པའི་རིག་དངོས་སྲུང་སྐྱོབ་བཟོ་སྐྲུན་ཁྲོད་ནས། ཀུན་མཁྱེན་ཚང་གི་ནང་ཆེན་གསུམ་པ་དང་བཞི་བ། བྱམས་ཁང་། སྒྲོལ་དཀར་ལྷ་ཁང་། གདུགས་དཀར་ལྷ་ཁང་། ཀྱཻ་རྡོར་ལྷ་ཁང་བཅས་དྲུག་གི་རིག་དངོས་སྲུང་སྐྱོབ་ཞིག་གསོའི་བྱ་བ་བསྟུད་མར་ལེགས་འགྲུབ་བྱུང་སོང་ཞེས་ཟེར།

བླ་བྲང་དགོན་པ་ལ་དེ་སྔོན་རྒྱལ་ཁབ་ཀྱིས་ཐེངས་མང་པོར་མ་དངུལ་བཏང་སྟེ་ཞིག་གསོ་བྱས་མྱོང་མོད།  དགོན་པའི་ནང་གི་འཛུགས་སྐྲུན་གཙོ་བོ་ནི་ས་རྡོ་དང་ཤིང་ཆས་ལས་གྲུབ་པ་ཤ་སྟག་ཡིན་པ་དང་།  དེའི་སྟེང་ལ་རང་བྱུང་གནོད་འཚེའམ་མིས་བཟོས་པའི་གནོད་སྐྱོན་སྣ་ཚོགས་ཐེབས་ཤིང་། དགོན་པའི་མཁར་ས་དང་གྱང་།  ཆུ་ལམ་སོགས་ལ་གནད་དོན་སྣ་ཚོགས་བྱུང་ཡོད།  གནད་དོན་འདི་དག་བསལ་བའི་ཆེད་དུ།  ལོ་རེ་བཞིན་དུ་མ་དངུལ་བཏང་བའི་རྨང་གཞིའི་སྟེང་།  རྒྱལ་ཁབ་ཀྱིས་བླ་བྲང་དགོན་པར་ཡང་བསྐྱར་ཞིག་གསོ་བྱ་རྒྱུ་ཐག་བཅད་དེ།  2012ལོའི་ཟླ་བ་དགུ་བར། བླ་བྲང་དགོན་པའི་རིག་དངོས་སྲུང་སྐྱོབ་བྱ་བ་དངོས་སུ་ལས་འགོ་བརྩམས་པ་དང་།  བཟོ་སྐྲུན་དེ་ཆེ་ཕྱོགས་ནས་རིགས་གསུམ་ལ་བཀར་ཡོད་དེ། རིག་དངོས་ཞིག་གསོ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཆ་སྒྲིག་སྒྲིག་བཀོད་བཟོ་སྐྲུན་བཅས་ཡིན་ལ། སྤྱིའི་གཏོང་དངུལ་སྒོར་དུང་ཕྱུར3.05ཡིན་པ་དང་།  དེའི་ཁྲོད་ཀྱི་རིག་དངོས་ཞིག་གསོའི་བཟོ་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར 1.6གཏོང་འཆར་ཡོད་ལ།  དེའི་ཁྲོད་དུ་རིག་དངོས་སྲུང་སྐྱོབ་ཞིག་གསོ་ལས་གཞན་ད་དུང་ཚོན་རྩི་ཞིག་གསོ་དང་།  གྱང་ཐང་སྲུང་སྐྱོབ་ཞིག་གསོ། བདེ་འཇགས་སྔོན་འགོག མེ་འགོག་དང་ཐོགས་འགོག་སོགས་ཀྱི་རྣམ་གྲངས་བརྒྱད་འདུས་ཡོད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལྟའི་བར་དུ། ལྷ་ཁང་བདུན་པོའི་ཞིག་གསོ་ལེགས་པར་གྲུབ་པ་ལས་གཞན། ཚོན་རྩི་བྱུགས་པ་དང་གྱང་ཐང་ཞིག་གསོ་སྲུང་སྐྱོབ་བཟོ་སྐྲུན། མེ་འགོག་དང་ཐོགས་འགོག་སོགས་ཀྱི་བཟོ་སྐྲུན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་པའི་སྒང་རེད།།    

རྩོམ་སྒྲིག་པ། : ཀླུ་མོ་མཚོ།