ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱི་དེ་སྔའི་ཞིང་ཨུད་ཀྱི་རྒྱུན་ཨུ་ཧྲིན་ཀྲང་གཞོན་པ་ཡུས་ཧའེ་ཡན་སྒྲིག་ཁྲིམས་ཚབས་ཆེན་འགལ་བས་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས4ཉིན་ཤས་གོང་། ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་ཀྲུང་གུང་ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཀན་སུའུ་ཞིང་ཆེན་གྱི་དེ་སྔའི་ཞིང་ཨུད་ཀྱི་རྒྱུན་ཨུ་ཧྲེང་ཀྲང་གཞོན་པ་ཡུས་ཧའེ་ཡན་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བའི་གནད་དོན་ལ་གྱོད་དོན་ཐོ་འགོད་བྱས་ནས་ཞིབ་དཔྱད་བྱས་པ་རེད།

ཞིབ་བཤེར་བྱས་པ་བརྒྱུད་ཡུས་ཧའེ་ཡན་གྱིས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། ཆབ་སྲིད་ཀྱི་སྒྲིག་ལམ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ཏེ་ཏང་གཤིས་ཀྱི་རྩ་དོན་དང་རྩ་འཛུགས་ཀྱི་འདུ་ཤེས་སྣང་མེད་དུ་བཏང་ནས་རོགས་ཟླ་སྒྲིག་སྟེ་མི་སྒེར་གྱི་སྟོབས་ཤུགས་སྐྱེད་སྲིང་བྱེད་པ་དང་། རྩ་འཛུགས་ཀྱི་ཞིབ་བཤེར་ལ་ངོ་རྒོལ་བྱས་ནས་སྒྲིག་བཤེར་ལས་བྱེད་པ་དང་སྐོར་གཟིགས་ལས་བྱེད་པ་བསླུ་བྲིད་དང་རུལ་བསླད་བྱས་ཏེ་སྐོར་གཟིགས་ཀྱི་ཆ་འཕྲིན་རྩད་གཅོད་བྱས་ནས་ལྟ་སྐུལ་སྒྲིག་སྲུང་ལས་དོན་ལ་འགལ་རྐྱེན་བཟོས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་ཏེ་གཞུང་དོན་སྣེ་ལེན་བྱེད་གནས་མི་སྒེར་གྱི་བག་མེད་ཆུད་ཟོས་དང་རོལ་རྩེད་བྱ་ཡུལ་དུ་འགྱུར་ནས་ཁེ་ལས་ཀྱིས་མཁོ་འདོན་བྱས་པའི་སྡོད་ཁང་དང་རླངས་འཁོར་བཟུང་སྤྱོད་བྱས་པ། སྤྱོད་གཙང་སྒྲིག་ཁྲིམས་ལས་འགལ་ཏེ་ལས་ཀའི་དབང་ཆར་བརྟེན་ནས་ནང་མི་སྤུན་མཆེད་ལ་བྱེད་སྒོའི་ཁེ་ཕན་དོན་གཉེར་བྱས་པ། སྤུན་མཆེད་རྒྱ་ཡན་དུ་གཏོང་བ་དང་གཏམ་མེད་ཁས་ལེན་བྱས་ནས་གོ་གནས་སྤྱད་དེ་སྒེར་ཕན་དོན་གཉེར་བྱེད་དུ་བཅུག་པ། སྒྲིག་འགལ་ངང་ཁེ་གཉེར་བྱེད་སྒོ་སྤེལ་བ། ལག་རྟགས་དང་འབུལ་རྟེན་བླངས་ཏེ་དབང་ཆ་དང་གཡེམ་འཆལ་ཉོ་ཚོང་བྱས་པ། ལས་ཀའི་སྒྲིག་ཁྲིམས་ལས་འགལ་ཏེ་སྒྲིག་འགལ་ངང་གཞུང་ཁོངས་ཁེ་ལས་ཀྱི་མ་དངུལ་འབོར་ཆེན་ཕྱི་ཕྱོགས་སུ་གཡར་བ་བཅས་བྱས་ཡོད། གོ་གནས་ཀྱི་སྟབས་བདེར་བརྟེན་ནས་མི་གཞན་ལ་ཁེ་ཕན་དོན་གཉེར་བྱས་པ་དང་སྦྲགས་རྒྱུ་དངོས་འབོར་ཆེན་བླངས་པས་དོགས་གཞི་ཡོད་པའི་ལྐོག་རྔན་བླངས་པའི་ཉེས་པ་བསགས་ཡོད་པ་རེད།

ཡུས་ཧའེ་ཡན་ཏང་གི་མཐོ་རིམ་འགོ་ཁྲིད་ལས་བྱེད་པ་ཡིན་ནའང་ཆབ་སྲིད་ཀྱི་དད་སེམས་དང་ཏང་གཤིས་ཀྱི་འདུ་ཤེས་སྣང་མེད་དུ་བཏང་སྟེ་ཏང་གི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བ་མ་ཟད་ཁྲིམས་འགལ་ཉེས་གསོག་གི་དོགས་གཞི་ཡོད་པ་མ་ཟད། ཀན་སུའུ་ཞིང་ཆེན་དང་ལྷག་པར་དུ་ལན་ཀྲོའུ་གྲོང་ཁྱེར་གྱི་ཆབ་སྲིད་ཀྱི་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེན་བཟོས་པས་ངོ་བོ་ཧ་ཅང་ཞན་པ་དང་། གནས་ཚུལ་ཧ་ཅང་ཚབས་ཆེ་བ། སྤྱི་ཚོགས་ཐོག་ཤུགས་རྐྱེན་ཧ་ཅང་ངན་པོ་ཡོད་པ་བཅས་རེད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་སྒྲིག་ཨུད་ཀྱི་རྒྱུན་ཨུད་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་མ་ཟད་ཀྲུང་གུང་ཀྲུང་དབྱང་ལ་ཆོག་མཆན་འགོད་རྒྱུར་ཕུལ་ནས་ཡུས་ཧའེ་ཡན་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་ཀྱི་གཏན་འབེབས་བྱས་པ་དང་། ལྟ་ཞིབ་པུས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་འགོད་རྒྱུར་ཕུལ་བས་གཞུང་གི་ལས་གནས་ནས་ཕྱིར་འབུད་ཀྱི་ཆད་པ་བཅད་པ། དེའི་སྒྲིག་འགལ་གྱི་ཐོབ་ཆ་གཞུང་བཞེས་བཏང་བ། དེའི་ཉེས་གསོག་དང་འབྲེལ་བ་ཡོད་པའི་གནད་དོན་དང་། ཁུངས་སྣེ། ཉེས་གསོག་དང་འབྲེལ་བ་ཡོད་པའི་དངུལ་དང་དངོས་པོ་བཅས་ཁྲིམས་འཛིན་ལས་ཁུངས་ལ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།