ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱི་བྱིས་སྙོར་ཁང་གི་སློབ་གསོའི་ཐོན་ཁུངས་དཀོན་པས“མཁོ་མང་འདོན་ཉུང”གི་རྣམ་པ་ཆགས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2017-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

    གསར་འགོད་པས་གཙོས་གྲོང་ཁྱེར་སློབ་གསོ་ཅུས་ནས་རྒྱུས་ལོན་བྱས་པ་ལྟར་ན། འདས་པའི་ལོ་ལྔའི་རིང་ལ། གཙོས་གྲོང་ཁྱེར་གྱི་སློབ་སྔོན་སློབ་གསོར་གནམ་ས་བླ་འོག་གི་འགྱུར་ལྡོག་བྱུང་བ་དང་། གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས་སློབ་སྔོན་སློབ་གསོའི་བྱ་བར་མཐོང་ཆེན་ཚད་མཐོ་བྱས་ཤིང་། གོ་སྐབས་དམ་འཛིན་བྱས་ཏེ། གྲོན་དངུལ་འགན་སྲུང་གི་ནང་རྐྱེན་བཙུགས་ཤིང་འཐུས་སྒོ་ཇེ་ཚང་དུ་བཏང་། གྲོང་གསེབ་ཀྱི་སློབ་སྔོན་སློབ་གསོ་གོང་འཕེལ་བཏང་ནས། གཞུང་སྒྲུབ་བྱིས་སྙོར་ཁང་གཙོ་བོར་བཟུང་ཞིང་ཀུན་ཕན་རང་བཞིན་གྱི་དམངས་སྒྲུབ་བྱིས་སྙོར་ཁང་གིས་ཁ་གསབ་བྱེད་པའི་སློབ་གསོའི་ཐོན་ཁུངས་གྲོང་ཁྱེར་དང་གྲོང་གསེབ་ཡོངས་སུ་ཁེབས་པའི་སློབ་སྔོན་སློབ་གསོའི་ཞབས་ཞུའི་དྲ་བ་རགས་ཙམ་ཆགས།
    མིག་སྔར། གཙོས་གྲོང་ཁྱེར་དུ་བསྡོམས་པས་བྱིས་སྙོར་ཁང 32བཙུགས་ཡོད་པ་དང་། དེའི་ཁྲོད་དུ་གྲོང་ཁྱེར་ནང་ཁོངས་སུ་བྱིས་སྙོར་ཁང 7དང་རོང་འབྲོག་སྡེར་བྱིས་སྙོར་ཁང 23ཡོད་པས། ཕལ་ཆེར་གྲོང་ཁྱེར་ཡོངས་ཀྱི་རོང་འབྲོག་སྡེ་བ་རེ་ལ་བྱིས་སྙོར་ཁང་རེ་ཡོད། ཤང་གྲོང་གི་ལྟེ་བའི་སློབ་ཆུང་སོ་སོའི་ནང་དུ་ལྟེ་བའི་བྱིས་སྙོར་ཁང་བཙུགས་ཤིང་། སྲིད་འཛིན་སྡེ་བ་སོ་སོས་སྔར་གྱི་སྡེ་བ་རིམ་པའི་སློབ་ཆུང་བསྒྱུར་བཀོད་དང་འཛུགས་སྐྲུན་བྱས་ཏེ་སྡེ་བ་རིམ་པའི་བྱིས་སྙོར་ཁང་བཙུགས།
    དེ་ལས་ལྡོག་སྟེ། ཉེ་བའི་ལོ་ཤས་ནང་དུ་གཙོས་གྲོང་ཁྱེར་གྱི་དཔལ་འབྱོར་སྤྱི་ཚོགས་དང་གྲོང་ཁྱེར་གྱི་འཛུགས་སྐྲུན་མུ་མཐུད་གོང་འཕེལ་བྱུང་བ་དང་བསྟུན་ནས། གྲོང་ཁྱེར་དུ་ལས་ཀ་འཚོལ་བར་ཡོང་བའི་ཞོར་ལས་པའི་བུ་ཕྲུག་དང་རྫོང་ཁག་སོ་སོའི་བྱིས་པ་འབོར་ཆེན་བཞུར་ཡོང་བས། གྲོང་ཁྱེར་ནང་ཁོངས་ནས“བྱིས་སྙོར་ཁང་དུ་ཞུགས་དཀའ”བའི་གནད་དོན་སྔར་ལས་མངོན་གསལ་དོད་དུ་སོང་། སློབ་སྔོན་སློབ་གསོའི་ཐོན་ཁུངས་ཀྱི་མཁོ་སྤྲོད་དོ་མི་མཉམ་པའི་གནས་ཚུལ་སྔར་ལས་ཛ་དྲག་ཏུ་ཕྱིན། “ད་ལྟ་མི་རྣམས་ཀྱིས་བྱིས་སྙོར་ཁང་དུ་ཞུགས་དཀའ་ཟེར་བ་དེ་གྲོང་ཁྱེར་གྱི་བྱིས་སྙོར་ཁང་དུ་ཞུགས་དཀའ་བ་དེ་ཡིན་པ་ལས། རོང་འབྲོག་སྡེའི་བྱིས་སྙོར་ཁང་དེ་ལྷག་མའི་གནས་ཚུལ་བྱུང་འདུག”
    གསར་འགོད་པས་ད་ལོའི་དཔྱིད་ཀར་གསར་སྐྲུན་དང་གསར་བསྡུ་བྱེད་བཞིན་པའི་གཙོས་གྲོང་ཁྱེར་གྱི་བྱིས་སྙོར་ཁང་གཉིས་པ་དང་ལྔ་བར་བཅར་འདྲི་བྱས་པ་ལྟར་ན། བྱིས་སྙོར་ཁང་དེ་གཉིས་ཀྱིས་ད་ལོའི་འཆར་གཞི་ལྟར་འཛིན་གྲྭ 3རེ་གསར་སྣོན་བྱས་ཤིང་། སོ་སོས་སློབ་མ 108དང 94གསར་བསྡུ་བྱས། གཞན་ཡང་དམངས་སྒྲུབ་ཀྱི་གེ་སར་བྱིས་སྙོར་ཁང་གིས་ཀྱང་སློབ་མ 50གསར་བསྡུ་བྱས་པ་རེད། ཐེངས་འདིར་བྱིས་སྙོར་ཁང་ཚང་མས་འཛིན་གྲྭ་ཆུང་འབྲིང་གི་སློབ་མ་བསྡུ་རྒྱུ་གཙོ་བོ་བྱས་ཤིང་། གསར་དུ་བསྡུས་པའི་སློབ་མ་ཁག་ཅིག་ནི་གྲོང་ཁྱེར་དུ་ལས་ཀ་འཚོལ་བར་ཡོང་བའི་ཞོར་ལས་པའི་བུ་ཕྲུག་ཡིན་པས། ཚད་ཆེན་པོའི་སྒོ་ནས་སློབ་གྲྭར་ཞུགས་རྒྱན་རྒྱག་དུས་དུས་ལྟར་མིང་ཐོ་འགོད་མ་ཐུབ་པའི་བྱིས་པ་སློབ་གྲྭར་ཞུགས་སུ་བཅུག
    གཙོས་གྲོང་ཁྱེར་དེ་ཁུལ་སྲིད་གཞུང་གི་གནས་ཡུལ་ན་ཡོད་པའི་རྐྱེན་གྱིས། གྲོང་ཁྱེར་གྱི་འཛུགས་སྐྲུན་དང་སློབ་གསོའི་སྒྲིག་ཆས་སྒྲིག་བཀོད་སོགས་ཕྱོགས་གང་ཅིའི་ཐད་ནས་སྔོན་ཐོན་ཡིན་པས། ཁུལ་ཡོངས་ཀྱི་རྫོང་ཁག་སོ་སོ་དང་གཙོས་མཐའ་སྐོར་གྱི་རོང་འབྲོག་སྡེ་བའི་ཁྲོད་ཀྱི་ཆ་རྐྱེན་ལྡན་ལ་སློབ་གསོ་ལ་ཡང་མཐོང་ཆེན་བྱེད་མཁན་གྱི་ཁྱིམ་བདག་རྣམས་ཀྱིས་བྱིས་པར་དེ་བས་ལེགས་པའི་སློབ་གསོ་ཐོབ་ཆེད་བྱིས་པ་གཙོས་སུ་བསྐྱལ་ནས་སློབ་གྲྭར་འགྲོ་རུ་བཅུག
    རྒྱུས་ལོན་བྱས་པ་ལྟར་ན། གཙོས་གྲོང་ཁྱེར་དུ་སློབ་འབྲིང་དང་སློབ་ཆུང་། སློབ་སྔོན་སློབ་གསོའི་སློབ་མ་ཁྲི 1ལྷག་ཡོད་པ་དང་། དེའི་ཁྲོད་ཀྱི་སློབ་མ 46% ནི་ཁུལ་ཡོངས་ཀྱི་རྫོང་བདུན་ལ་གཏོགས་པའི་སློབ་མ་ཡིན།
    གསར་འགོད་པས་བཅར་འདྲིའི་ཁྲོད་ནས་ཤེས་གསལ་ལྟར་ན། གཙོས་གྲོང་ཁྱེར་གྱི་རིམ་པ་སོ་སོའི་བྱིས་སྙོར་ཁང་གི་དགེ་རྒན་གྱི་བསྐོ་བཞག་མི་འདང་བའི་གནས་ཚུལ་མི་ཉུང་བས། སློབ་སྔོན་སློབ་གསོ་གོང་འཕེལ་གཏོང་བའི་ཁྲོད་ཀྱི་ཞན་ཆ་དེའང་དགེ་རྒན་མི་འདང་བ་དེ་རེད།
    ད་ལོར། གཙོས་གྲོང་ཁྱེར་གྱིས་སྔ་རྗེས་སུ་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བསྣན། བྱིས་སྙོར་དགེ་རྒན་ཁ་གསབ་བྱེད་པའི་ནང་རྐྱེན་བཙུགས་ཏེ། ཤང་གྲོང་སོ་སོའི་དགེ་རྒན་གྱི་ཁྲོད་ནས་ལོ་ན་གཞོན་ཞིང་ཆེད་ལས་ཆེད་མཁས་ངེས་ཅན་ལྡན་པའི་དགེ་རྒན་ཁག་ཅིག་འདེམས་ནས་ལས་བསྒྱུར་གསོ་སྦྱོང་བྱས་པ་བརྒྱུད། བྱིས་སྙོར་དགེ་རྒན་གྱི་དཔུང་སྡེའི་ཁྲོད་དུ་བཅུག་ནས་གཞུང་སྒྲུབ་བྱིས་སྙོར་ཁང་གི་དགེ་རྒན་དང་གསོ་སྐྱོང་བ་རིམ་བཞིན་བཀོད་སྒྲིག་ཆ་ཚང་བྱས་ཏེ། བྱིས་སྙོར་ཁང་གི་དགེ་རྒན་གྱི་སྟོབས་ཤུགས་ཀྱི་ཞན་ཆ་ཁ་གསབ་བྱས།
    2017ལོར། གཙོས་གྲོང་ཁྱེར་གྱིས་ད་དུང་མུ་མཐུད་དུ་བྱིས་སྙོར་ཁང་ཁག་ཅིག་གསར་འཛུགས་བྱས་ནས། རྒྱ་ཆེའི་མང་ཚོགས་ཀྱི་དགོས་མཁོ་བསྐང་རྒྱུ་རེད། དུས་མཚུངས་སུ། མུ་མཐུད་དུ་བསྡུ་དངུལ་ལུགས་མཐུན་དང་སྤུས་ཚད་ཚད་ལྡན་ཅན་གྱི་དམངས་སྒྲུབ་བྱིས་སྙོར་ཁང་ལ་རྒྱབ་སྐྱོར་དང་རོགས་སྐྱོར་བྱ་རྒྱུ་རེད། 
    བྱིས་སྙོར་ཁང་དུ་ཞུགས་དཀའ་བའི་གནད་དོན་གྱི་མདུན་ནས། གཙོས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། མིག་སྔར་གཙོས་གྲོང་ཁྱེར་གྱི་ཏང་ཨུ་དང་སྲིད་གཞུང་གིས་ཧུར་ཐག་གིས་ཀུན་ཕན་རང་བཞིན་གྱི་དམངས་སྒྲུབ་བྱིས་སྙོར་ཁང་ཁྱབ་སྤེལ་དང་། ཞིང་ཆེན་རིམ་པའི་བྱ་དགའི་ཁ་གསབ་མ་དངུལ་བརྩོན་ལེན་དང་བྱིས་སྙོར་ཁང་གི་མ་རྩ་ཇེ་ཆུང་བཏང་ནས། མང་ཚོགས་ཀྱི་ཁུར་བོ་ཇེ་ཡང་གཏོང་གང་ཐུབ་བྱེད་ཀྱིན་འདུག  དུས་མཚུངས་སུ། སློབ་སྔོན་སློབ་གསོའི་ཁྲིམས་འཛུགས་འཕེལ་རིམ་ཇེ་མགྱོགས་སུ་བཏང་སྟེ། ཁྲིམས་བཙུགས་པ་བརྒྱུད་སྲིད་གཞུང་གི་འགན་འཁྲི་གསལ་བོ་བྱས་ཤིང་། སློབ་སྔོན་སློབ་གསོའི་མ་རྩ་འཇོག་ཤུགས་ཆེ་རུ་བཏང་ནས། སློབ་སྔོན་སློབ་གསོའི་གོང་འཕེལ་དེ་གྲོང་ཁྱེར་དང་གྲོང་གསབ་གཞི་གཅིག་ཅན་འཛུགས་སྐྲུན་བྱེད་པའི་འཆར་འགོད་དང་སྤྱི་ཚོགས་སྤྱི་བའི་ཞབས་ཞུ་མ་ལག་གི་ཁྲོད་དུ་བཅུག་ནས། སྲིད་གཞུང་གི་གཅིག་གྱུར་འཆར་འགོད་འཐུས་ཚང་བཏང་ཞིང་། རིམ་པ་དབྱེ་ནས་དོ་དམ་བྱེད་པ། སློབ་གསོ་སྡེ་ཁག་གིས་གཙོ་འགན་འཁུར་ཞིང་འབྲེལ་ཡོད་སྡེ་ཁག་གིས་ལས་བགོས་ལས་འགན་ཁུར་བའི་སློབ་སྔོན་སློབ་གསོའི་དོ་དམ་སྒྲིག་གཞི་འཛུགས་བཞིན་གདའ།། (རིན་དགས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།