ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་གཟབ་རྒྱས་ངང་ཚོགས་འགོ་བརྩམས་པ།

ཡོང་ཁུངས། : ཀན་ལྷོ་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2016-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས14ཉིན་གྱི་སྔ་དྲོར། ཁུལ་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱིས་དོ་སྣང་དང་ཐུགས་ཁུར་བྱེད་བཞིན་པའི་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་ཀན་ལྷོའི་ཟློས་གར་ཚོམས་ཆེན་དུ་གཟབ་རྒྱས་ངང་ཚོགས་འགོ་བརྩམས།

ཐེངས་འདིའི་ཚོགས་ཆེན་དུ་ཞུགས་འོས་པའི་འཐུས་མི 254ཡོད་ཅིང་དངོས་སུ་ཞུགས་པའི་འཐུས་མི 244ཡོད་པས།  ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན་པ་ཡིན།

    ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཨན་ཅིན་ལུང་གིས་ཚོགས་ཆེན་གྱི་གཙོ་འགན་ཁུར།
    ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཡུས་ཁྲིན་ཧུའེ་དང་ཨན་ཅིན་ལུང་། ཀྲའོ་ལིན་ཡུན། ཞུས་ཆང་། བཀྲ་ཤིས་འཚོ། ཝང་ཡུང་། ཞི་ཆང་། ཚེ་རིང་དོན་གྲུབ། ལི་རུའེ་ཕིན། དབྱང་ཅན་གོ  ལིའང་མིང་ཀོང་། དབྱང་ཀྲི་ཚའེ། ཏུང་ཡན་ཆིན་བཅས་ཡིན།
    ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཡུས་ཁྲིན་ཧུའེ་དང་ཨན་ཅིན་ལུང་། ཀྲའོ་ལིན་ཡུན། ཞུས་ཆང་སོགས་མི31ཀྲུའུ་ཞིའི་སྟེགས་བུར་བཞུགས་ཡོད། ཀྲུའུ་ཞི་སྟེགས་བུར་བཞུགས་མཁན་ད་དུང་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་སུང་ཡིའུ་ཧའོ་དང་ཁུལ་སྐབས་བཅོ་ལྔ་བའི་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ཨན་ཀྲི་དབྱིན། ཁུལ་དཔོན་གཞོན་པ་ནམ་མཁའ་སངས་རྒྱས་དང་ཧྲི་ཀྲན་ལིའང་། ཀྲའོ་སི་པེ། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཕུའུ་ཁྲོན་ཧུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲེ་ཅན་ཅུན་དང་ཝང་ཁྲོན་ཧྭ། ཝང་ཡ་ནན། དུས་འཁོར་ཚང་། ཀྲའོ་ཧུང་ཚའེ། ཚེ་དགའ། དབྱང་ཞའོ་ནན། ཀན་ལྷོའི་ཡན་ལག་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་དབྱང་ཀྲུའུ་ཆིན། ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་སློབ་གཙོ་ཁྲིན་ཧྥུ་རུང་། སློབ་གཙོ་གཞོན་པ་མུའུ་ཅི་ཞིན། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ལི་ཧྲི་ཉིང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་བཀྲ་ཤིས། ཁུལ་དཔོན་གྱི་ལས་རོགས་པ་ཡོན་ཞིན་ཧོ། ཁུལ་སྐབས་བཅོ་ལྔ་བའི་དམངས་ཆེན་རྒྱུན་ཨུ་ཁང་གི་དྲུང་ཡིག་ཆེན་མོ་ཏུའུ་ཀེན་ཚུན། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀའོ་ཞའོ་ཏུང་བཅས་ཡོད།
    ཚོགས་ཆེན་གྱིས་ད་དུང་སྐབས་འདིའི་ནང་ལས་འཁྱུར་ངལ་གསོ་བྱས་པའི་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་སྔར་གྱི་ཀྲུའུ་རེན་ལི་ཡུས་དང་ཀྲུའུ་རེན་གཞོན་པ་ཀྲོའུ་ཏང་ཧྲིན་གདན་དྲངས་ཏེ་ཚོགས་ཆེན་དུ་ཟུར་ཞུགས་བྱས།
    ཁུལ་སྐབས་བཅུ་དྲུག་པའི་དམངས་ཆེན་གྱི་འཐུས་མི་མིན་པའི་ཀན་ལྷོ་ཡི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་ཆེན་གྱི་འཐུས་མི། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཨུ་ཡོན་ཚང་མ་དང་། ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་། ཁུལ་མི་དམངས་སྲིད་གཞུང་གི་བྱ་བྱེད་སྡེ་ཁག་དང་ཐད་གཏོགས་སྡེ་ཁག་གི་འགན་ཁུར་བ་གཙོ་བོ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་གཞོན་པ་དང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་གཞོན་པ། ཞིང་ཆེན་ལ་གཏོགས་པའི་ཀན་ལྷོར་བཅའ་སྡོད་བྱེད་པའི་འབྲེལ་ཡོད་སྡེ་ཚན་དང་ཁུལ་སྤྱི་བདེ་མེ་གསོད་ཡན་ལག་རུ་ཁག་གི་འགན་ཁུར་བ་བཅས་གྲོས་ཚོགས་སུ་ཟུར་ཞུགས་བྱས།
    སྔ་དྲོའི་ཆུ་ཚོད9ཡི་སྟེང་དུ། ཨན་ཅིན་ལུང་གིས་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་ཚོགས་འགོ་རྩོམ་པ་ཁྱབ་བསྒྲགས་བྱས་པ་དང་བསྟུན་ནས། ཚོགས་ཞུགས་མི་སྣ་ཡོངས་ཡར་ལངས་ནས་བླངས་པའི་རྔམ་བརྗིད་དང་སྐད་གསེང་མཐོན་པོའི་རྒྱལ་གླུས་ཚོགས་རའི་བར་སྣང་ཡོངས་སུ་ཁེངས།
    སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་ཚོགས་ཆེན་ལ《སྲིད་གཞུང་གི་བྱ་བའི་སྙན་ཞུ》ཕུལ། ཁོས་ཕུལ་བའི་སྙན་ཞུའི་ནང་དོན་ཁག་གཉིས་སུ་བགོས་ཡོད་དེ། གཅིག་ནི་སྐབས་འདིའི་སྲིད་གཞུང་གི་བྱ་བར་ཕྱིར་ལྟ་དང་། གཉིས་ནི་དེང་ཕྱིན་ལོ་ལྔའི་སྲིད་གཞུང་གི་བྱ་བ་དང 2017ལོའི་བྱ་བའི་ལས་འགན་གཙོ་བོ་ཡིན།
    ཀྲའོ་ལིན་ཡུན་གྱིས་སྙན་ཞུ་ཕུལ་བའི་ཁྲོད་བཤད་པར། འདས་པའི་ལོ་ལྔ་ནི་ཀན་ལྷོའི་ལོ་རྒྱུས་སྟེང་དུ་མ་དངུལ་བཏང་ཚད་ཆེས་མང་ཞིང་འཕེལ་རྒྱས་ཆེས་མགྱོགས་པ། མི་དམངས་མང་ཚོགས་ཀྱིས་དངོས་ཕན་ཆེས་མང་པོ་རག་ཐུབ་སོང་བའི་ལོ་ལྔ་ཡིན། ཁུལ་ཨུའི་འགྱུར་མེད་ཀྱི་འགོ་ཁྲིད་འོག་དང་། ཁུལ་དམངས་ཆེན་གྱི་བཅའ་ཁྲིམས་ཀྱི་ལྟ་སྐུལ་དང་བྱ་བའི་ལྟ་སྐུལ། ཁུལ་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་འོག་ཏུ། ང་ཚོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། བཞི་བ། ལྔ་བ། དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་སྒོས། ཀྲུང་དབྱང་གི་བོད་སྐྱོང་ཐབས་ཇུས་རྒྱུན་འཁྱོངས་དང་། “འཐབ་ཇུས་ཆེན་པོ་ལྔ”ལག་བསྟར་ཅི་ནུས་དང“ཀན་ལྷོ་ཆེན་པོ་ལྔ”འཛུགས་སྐྲུན་གང་ཐུབ་བྱས་པས། ཁུལ་དམངས་ཆེན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་དང་པོས་གཏན་ཁེལ་བྱས་པའི་དམིགས་འབེན་འགན་འཁྲི་ཅུང་ལེགས་པོ་གྲུབ་ཅིང་། ཁུལ་ཡོངས་ཀྱི་དཔལ་འབྱོར་སྐྱོན་བྲལ་དང་བརྟན་འཇགས་ངང་གོང་འཕེལ་དང་སྤྱི་ཚོགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ཡར་ཐོན་བྱུང་ལ། མི་དམངས་ཀྱི་འཚོ་བར་ལེགས་བཅོས་ཐོབ་པ་དང་སྤྱི་ཚོགས་ཁྱོན་ཡོངས་སུ་འཆམ་མཐུན་གཏན་འཇགས་ཀྱི་རྣམ་པ་གསར་བ་མངོན།
    ཀྲའོ་ལིན་ཡུན་གྱིས་བཤད་པར། མ་འོངས་པར་ཁ་ཕྱོགས་ན་ཀན་ལྷོ་ལོ་རྒྱུས་ཀྱི་དཀྱོགས་མཚམས་གསར་བ་ཞིག་ཏུ་བསླེབས་ཡོད། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པས་རྗེས་ཕྱོགས་ཀྱི་ལོ་ལྔའི་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོར་བསྟན་ཡོད་ལ། བྱ་བྱེད་ཀྱི་རྩ་འཛིན་གཏན་འབེབས་དང་འཐབ་ཇུས་ཀྱི་དམིགས་འབེན་གཏན་ཁེལ་བྱས་ཤིང་རྔམ་བརྗིད་ལྡན་པའི་ཕུགས་འདུན་གྱི་དཔེ་རིས་བཀོད་ཡོད། མ་འོངས་པའི་ལོ་ལྔའི་རིང་ལ་སྲིད་གཞུང་གི་བྱ་བའི་འཐབ་ཇུས་གཙོ་གནད་དེ། གཅིག་ཏུ་གསར་གཏོད་འཕེལ་རྒྱས་རྒྱུན་འཁྱོངས་དང་རྣམ་སྒྱུར་ཕན་ནུས་གཅིག་བསྡུ། མཉམ་དུ་གསར་གཏོད་ཀྱི་རྣམ་པ་འཛུགས་དགོས། གཉིས་སུ་མཐུན་སྦྱོར་འཕེལ་རྒྱས་རྒྱུན་འཁྱོངས་དང་ཁྱོན་ཡོངས་དོ་སྙོམས་ལ་སྐུལ་འདེད། ཐུན་མོང་དུ་ཡར་ཐོན་ཡོང་བའི་རྣམ་པ་འགྲུབ་ཏུ་འཇུག་དགོས། གསུམ་དུ་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས་སྐྱེ་ཁམས་མུ་ཁྱུད་སྲ་བརྟན་དུ་བཏང་ནས་མཉམ་གནས་ཀྱི་གནས་སྟངས་སྒྲིག་འཛུགས་བྱ་དགོས། བཞི་རུ་སྒོ་འབྱེད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ་ཕྱི་ནང་མཉམ་འགུལ་ལ་ཤུགས་བསྣན་ནས་ཐུན་མོང་ཁེ་ཐོབ་ཀྱི་གནས་སྟངས་འཛུགས་སྐྱོང་བྱ་དགོས། ལྔ་རུ་འཕེལ་རྒྱས་མཉམ་སྤྱོད་རྒྱུན་འཁྱོངས་དང་བདེ་སྐྱིད་ཀྱི་སྟོན་གྲངས་ཇེ་མཐོར་བཏང་སྟེ་ཀུན་ཕན་གྱི་རྣམ་པ་བསྐྲུན་དགོས། གོང་དུ་བརྗོད་པའི་དམིགས་འབེན་ལ་གཞིགས་ནས། ང་ཚོས་རྒྱུན་སྲོལ་ལྟར་གྲུབ་འབྲས་ཡོད་པ་དང་། ཚད་བརྒལ་བྱས་པར་ཁྱད་ཆོས་ཡོད་པ། གསར་གཏོད་བྱས་པ་ཁྱད་འཕགས་ཡིན་པ་བཅས་རྒྱུན་འཁྱོངས་བྱས་ནས་དམ་འཛིན་བྱ་དགོས་པ་བརྒྱད་དེ། གཅིག་ནས་དབུལ་སྐྱོར་བྱེད་ཐབས་དངོས་འབེབས་དམ་འཛིན་བྱས་ཏེ། བློ་ཐག་རྦད་ཆོད་ཀྱིས་ལོ་འཁོར་གྱི་དབུལ་ཐར་འགན་འཁྲི་ལེགས་པར་བསྒྲུབ་དགོས། གཉིས་ནས་སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་དམ་འཛིན་བྱས་ནས། ལྗང་མདོག་གི་འཕེལ་རྒྱས་ཆུ་ཚད་དངོས་གནས་ཇེ་མཐོར་གཏོང་དགོས། གསུམ་ནས་ཁོངས་ཡོངས་ཀྱི་ཡུལ་སྐོར་གསར་སྐྲུན་དམ་འཇིན་བྱས་ནས། ཡུལ་སྐོར་གྱི་ཕྱོགས་བསྡུས་སྟོབས་ཤུགས་མུ་མཐུད་དུ་ཇེ་ཆེར་གཏོང་དགོས། བཞི་ནས་དམངས་ཕྱུག་ཐོན་ལས་ཀྱི་རིམ་སྤར་དམ་འཛིན་བྱས་ནས། མང་ཚོགས་ཀྱི་ཡོང་སྒོ་དང་ཕྱུག་འགྱུར་ལ་ནུས་ཤུགས་ཡོད་རྒུས་རོགས་འདེགས་བྱ་དགོས། ལྔ་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་དམ་འཛིན་བྱས་ནས་ཞིང་གྲོང་འཕེལ་རྒྱས་ཆ་རྐྱེན་ལེགས་བཅོས་བྱེད་པར་ཤུགས་འདོན་དགོས། དྲུག་ནས་བཅོས་སྒྱུར་སྒོ་འབྱེད་དམ་དུ་བཟུང་ནས་སྔར་ལས་ཆེ་བའི་འཕེལ་རྒྱས་སྒུལ་ཤུགས་དང་གསོན་ཤུགས་སྤེལ་དགོས། བདུན་ནས་གཞི་རྩའི་དམངས་འཚོ་ལེགས་བཅོས་བྱེད་པ་དམ་འཛིན་བྱས་ཏེ། མི་དམངས་ཐུན་མོང་དུ་ཕྱུག་འགྱུར་ཡོང་བར་རྒྱུན་མཐུད་ངང་གོང་སྤེལ་གཏོང་དགོས། བརྒྱད་ནས་སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་དམ་འཛིན་བྱས་ཏེ། ཁྱོན་ཡོངས་ནས་བདེ་འཇགས་ཀན་ལྷོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།
    ཀྲའོ་ལིན་ཡུན་གྱིས་བཤད་པར་། དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་འཕེལ་རྒྱས་ལས་འགན་དང་མི་དམངས་མང་ཚོགས་ཀྱི་རེ་བ་ཟབ་མོར་གདོང་གཏད་ནས། ང་ཚོས་རྩ་ཁྲིམས་ལྟར་སྲིད་འཛིན་པ་དང་ཁྲིམས་ལྟར་སྲིད་འཛིན་པ་ལག་ལེན་བྱས་ཏེ། ཧུར་ཐག་སྒོས་འགན་ནུས་ཚན་རིག་དང་མཐུན་པ། དབང་ཆ་དང་འགན་འཁྲི་ཁྲིམས་ཀྱི་གཏན་ཁེལ་ལ་བསྟུན་པ། ཁྲིམས་འཛིན་ནན་མོ་ཡིན་པ། ཁྱབ་སྒྲོག་གཞུང་དྲང་དང་སྤྱོད་པ་གཙང་ཞིང་ལས་ཕྱོད་ཆེ་བ། ཁྲིམས་ལུགས་སྲུང་ཞིང་ཁ་དན་ཚིག་ལ་གནས་པའི་སྲིད་གཞུང་ཞིག་བསྐྲུན་པར་རྒྱུན་འཁྱོངས་བྱ་དགོས་ལ། ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དང་ཁྲིམས་ལྟར་སྲིད་འཛིན་བྱེད་པར་སྐུལ་འདེད་གཏོང་བ། སྲིད་འཛིན་ཕན་ནུས་ཇེ་ཆེར་གཏོང་བ་དང་སྤྱོད་གཙང་སྲིད་གཙང་རྒྱུན་འཁྱོངས་བྱ་དགོས།
    ཚོགས་ཆེན་གྱིས་ད་དུང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི 2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང 2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ(ཡིག་ཐོག)དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི 2016ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང 2017ལོའི་ཁུལ་ཡོངས་དང་ཁུལ་རིམ་པའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ(ཡིག་ཐོག)བཅས་ལ་གྲོས་ཞིབ་བྱས།།                                                      

རྩོམ་སྒྲིག་པ། : ཀླུ་མོ་མཚོ།