ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་ རྫོང་ཁོངས་སུ་གཏོགས་པའི་རྨ་ཆུའི་ཆུ་རགས་ལས་གྲྭ་དེ་ཉེ་ལམ་དངོས་སུ་ལས་འགོ་བཙུགས་ཡོད་ཅིང་། ལས་གྲྭའི་འཆར་གཞི་ལྟར་ན། གསར་དུ་ལས་རྒྱུའི་ཆུ་རགས་སྤྱིའི་རིང་ཚད་ལ་ སྤྱི་ལེ་91ལྷག་ཡོད་པ་དང་། སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ། ས་ཡ་ བདུན་ཡིན་པས། འདི་ནི་རྨ་ཆུ་རྫོང་གི་ལོ་རྒྱུས་སུ་དངུལ་གཏོང་ཆེས་མང་བ་དང་། ཕན་ཐོགས་ཡུལ་ཁྱབ་རྒྱ་ཆེས་ཆེ་བའི་ཆུ་བེད་ལས་གྲྭ་རུ་གྱུར་ཡོད།

ཤེས་རྟོགས་བྱུང་བ་ལྟར་ན། ཀན་ལྷོ་ཁུལ་གྱི་རྨ་ཆུ་རྫོང་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁོངས་ གཙོ་བའི་སྐྱེ་ཁམས་ནུས་པ་ཁ་གསབ་བྱ་ཡུལ་གྱི་ལྟེ་བ་ཡིན་པ་དང་། རྨ་ཆུ་རྫོང་ཁོངས་སུ་ བཞུར་བའི་རྨ་ཆུའི་བཞུར་རྒྱུན་དེས་ཀན་སུའུ་མངའ་ཁོངས་སུ་བཞུར་བའི་རྨ་ཆུའི་བཞུར་ རྒྱུན་གྱི་59%ཟིན་ཡོད། དུས་ཡུན་རིང་བོའི་ནང་དུ། ས་གཤིས་གནོད་འཚེའི་དཔྱད་ཞིབ་ དང་ཕྱོགས་བསྡུས་བདག་སྐྱོང་འཆར་འགོད་མ་བྱས་པའི་དབང་གིས་རྨ་ཆུ་རྫོང་ཁོངས་ཀྱི་རྨ་ཆུ་བཞུར་ཡུལ་དུ་རྩྭ་ས་བྱེ་འགྱུར་གྱི་སྣང་ཚུལ་ཚབས་ཆེ་བ་དང་། རྨ་ཆུའི་འགྲམ་ངོགས་ ཀྱི་གྲོག་རོང་ཉེན་ཚབས་ཆེ་བ་སོགས་ཀྱི་སྐྱེ་ཁམས་གནད་དོན་སྣ་ཚོགས་ཤིག་བཟོས་ཡོད་པ་རེད། རྨ་ཆུ་རྫོང་ཁོངས་ཀྱི་རྨ་ཆུའི་ཆུ་རགས་ལས་གྲྭ་དེ་བྱེ་བྲག་ཏུ་ཆུ་ཁ་མ་ཤང་དང་ སྨད་མ་ཤང་། མཚེ་རུ་མ་ཤང་། རྨ་ཁུག་རྟ་ར། དངུལ་རྭ་ཤང་། ཉིན་མ་ གྲོང་བརྡལ་བཅས་ཀྱི་མངའ་ཁོངས་སུ་ཆུ་རགས་སྤྱི་ལེ་91.17གསར་དུ་བརྒྱག་རྒྱུ་དང་། སྲོག་ཆགས་ཀྱི་ཆུ་འཐུང་ས་21ལས་རྒྱུའི་འཆར་གཞི་བཀོད་ཡོད། ལས་གྲྭ་འདིའི་ ལས་གཞི་སྐོར་དང་པོར་རྨ་ཆུའི་འགྲམ་ངོགས་སུ་ཆུ་རགས་བརྒྱབ་ཏེ། རྨ་ཆུའི་ཆུ་ལོགས་ སྔོན་འགོག་གི་ནུས་པ་ཇེ་མཐོར་གཏོང་རྒྱུ་ཡིན་ལ། དེས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་ བདེ་འཇགས་ཡོང་བར་སྲུང་སྐྱོབ་དང་། སྐྱེ་ཁམས་བདེ་འཇགས་དང་ཆུ་བེད་བདེ་འཇགས་ ཡོང་བར་ཁག་ཐེག་བྱས་ཡོད་ཅིང་། ལས་གྲྭ་འདི་བདེ་བླག་གིས་ལག་བསྟར་བྱུང་ཚེ། གཞི་རྩའི་ཆ་ནས་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ནུས་པ་ཇེ་ཞན་དུ་འགྱུར་མཚམས་བཞག་སྟེ། ཆུ་ཁོངས་བདག་སྐྱོང་ཁུལ་གྱི་སྲུང་སྐྱོབ་དང་འཕེལ་རྒྱས་ལ་སྔ་ན་མ་བྱུང་བའི་སྐུལ་འདེད་ཀྱི་ནུས་པ་ཞིག་ཐོན་ངེས་རེད།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཀླུ་ཆུ་རྫོང་མཁར།

བླ་བྲང་དགོན་པའི་རིག་རྫས་སྲུང་སྐྱོང་ལས་གཞི་མགོ་ཚུགས་པ།

དཔའ་རིས་རྫོང་མི་རིགས་སློབ་འབྲིང་གིས་དགེ་རྒན་དུས་ཆེན་གྱི་བྱ་འགུལ་སྤེལ་བ།

འབྲོག་པ་མང་ཚོགས་ཀྱིས་ལས་རིགས་བརྗེ་ནས་ཚོང་ལས་གཉེར་བ།