མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་ལྷོ་ཁུལ་ཅོ་ནེ་རྫོང་གི་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་མང་ཚོགས་ཕྱུག་པོ་འགྲོ་བར་སྐུལ་ཁྲིད་བྱས་པ།

རྩོམ་པ་པོ། བན་དེ་མཁར།  ཡོང་ཁུངས། ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  2014-09-17 10:26

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་རིང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གིས་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ནི་འབྲེལ་ཟམ་ལྟ་བུ་བྱས་ཏེ། ཧུར་བརྩོན་གྱིས་དཔེ་སྟོན་ཁྱིམ་ཚང་སྣེ་ཁྲིད་དེ་གཅིག་བསྡུས་སྒོས་གསོ་སྤེལ་ལས་རིགས་ གོང་འཕེལ་བཏང་ཞིང་། ས་དེའི་ཕྱུགས་རྒྱུད་ལེགས་སྤེལ་སྐུལ་འདེད་བཏང་ནས། རོང་འབྲོག་པ་དེང་རབས་ཚན་རྩལ་གསོ་སྤེལ་ཅན་དུ་བསྒྱུར་བར་སྐུལ་ཁྲིད་བྱས།

རྫོང་འདིས་དབུལ་ཕོངས་གསར་སྤེལ་ལས་གཞི་དང་རྨ་ཆུའི་ལས་གཞི། ལུག་ཐོན་ལས་ཀྱི་རྫོང་ཆེན་པོའི་འཛུགས་སྐྲུན་ལས་གཞི་དང་ཉིས་འབྲེལ་བྱ་འགུལ་དང་ཟུང་དུ་འབྲེལ་བ་དང། མཛོ་གསོ་སྤེལ་དང་བོད་ལུག་གསོ་སྤེལ། མཛོ་མོ་གསོ་སྤེལ། ནོར་ལུག་བཀག་ཚོ་བཅས་ཀྱི་དཔེ་སྟོན་ཁུལ་ཆེན་པོ་བཞི་འཛུགས་སྐྲུན་བྱེད་པར་དམིགས་ཏེ། ཁྱ་དགེ་དང་ཉིན་པ། མདོ་ཁོག་བཅས་ཞང་གསུམ་དུ་མཛོ་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། ཤིན་ཚང་དང་ཝ་དམར་ཞང་གཉིས་སུ་བོད་ལུག་གསོ་སྤེལ་གྱི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། མཁར་ཆེན་དང་བྲག་ཁུང་ལུང་། ཁང་ཐོག ཨ་ཚེ་ཐང་བཅས་ཞང་གྲོང་བཞི་ནས་མཛོ་མོ་གསོ་སྤེལ་གྱི་ཆེད་ལས་མཉམ་ལས་ཁང་བཙུགས། ལིའུ་ལིན་དང་མ་རུ། གཙང་པ་བ། ཤོ་བ། ཐོ་ཡན་སོགས་ཞང་གྲོང་དྲུག་ཏུ་ནོར་ལུག་བཀག་གསོ་ཆེད་ལས་མཉམ་ལས་ཁང་བཙུགས། རྫོང་ཡོངས་ཀྱི་ཞང་གྲོང་བཅོ་ལྔར་ཁེབས་པའི་ཆེད་ལས་མཉམ་ལས་ཁང་གིས་ཐོན་སྐྱེད་ཚོང་གཉེར་དོ་དམ་ཆུ་ཚད་མཐོར་འདེགས་བཏང་ཞིང་། དེང་རབས་ཅན་གྱི་བསམ་བློ་འདུ་ཤེས་དང་འཚོ་བའི་རོལ་སྟངས་ཆགས་པ་མ་ཟད། མཁར་གྲོང་གི་ཐོན་སྐྱེད་འཚོ་བའི་མཉམ་བསྲེས་སྐུལ་སྤེལ་བཏང་།

མིག་སྔར། རྫོང་ཡོངས་སུ་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཞི་བརྒྱ་དོན་གཉིས་བཙུགས་ཤིང་། མཉམ་ལས་ཁང་དུ་ཞུགས་པའི་མི་གྲངས་སྟོང་ལྔ་དང་དྲུག་བརྒྱ་རེ་བཞི་ཡོད་ལ། ཁྱིམ་ཚང་སྟོང་གསུམ་དང་བརྒྱ་ར་གྱ་དྲུག་སྐུལ་ཁྲིད་བྱས་པ་དང་། ཐོ་བཀོད་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་བདུན་ས་ཡ་དྲུག་འབུམ་བདུན་ཁྲི་གཉིས་སྟོང་གསུམ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག