མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་ལྷོ་ཁུལ་ཡོངས་གློག་མེད་པའི་ལོ་རྒྱུས་ལས་དངོས་སུ་ཁ་བྲལ་བ།

རྩོམ་པ་པོ། རིན་ཆེན་སྐྱིད།  ཡོང་ཁུངས། ཀན་ལྷོའི་རྒྱང་བསྒྲགས་བརྙན་འཕྲིན་ཁང་།  2014-09-17 10:26

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། རྒྱལ་ཁབ་གློག་དྲ་ཀན་སུའུ་ཞིང་ཆེན་ཀན་ལྷོའི་གློག་འདོན་ཀུང་སིས་གསར་འགྱུར་ཁྱབ་བསྒྲགས་གྲོས་ཚོགས་བསྡུས་ནས་བརྡ་ཁྱབ་བཏང་བར། ཀན་ལྷོ་ཁུལ་གྱི 2013ལོ་དང 2014ལོའི་གློག་མེད་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་ཞིང་། ཀན་ལྷོ་ཁུལ་ཡོངས་ཀྱི་རྨ་ཆུ་དང་ཀླུ་ཆུ། འབྲུག་ཆུ། ཐེ་བོ། བསང་ཆུ་བཅས་རྫོང་ལྔའི་ནང་ཁུལ་གྱི་གློག་མེད་པའི་ཁྱིམ་ཚང་ཆིག་སྟོང་ཉིས་བརྒྱ་གོ་གསུམ་གྱི་མི་དྲུག་སྟོང་དགུ་བརྒྱ་དོན་དགུ་ལ་དངོས་སུ་གློག་འཐེན་པས། འདིས་རང་ཁུལ་གྱི་རུ་སྤོར་འབྲོག་པ་གློག་མེད་པའི་ལོ་རྒྱུས་ལས་ཁ་བྲལ་བ་མཚོན་འདུག

ཉེ་བའི་ལོའི་ནང་རོང་འབྲོག་སྡེ་བའི་ཞིང་དྲ་བསྒྱུར་བཀོད་དང་གློག་མེད་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་ཐེངས་མང་པོར་བྱས་པར་བསྟུན་ནས། ཀན་ལྷོ་ཁུལ་གྱི་ཞིང་སྡེའི་གློག་དྲའི་བློ་གཏད་ཆོག་པའི་རང་བཞིན་དང་གློག་ཤུགས་མཁོ་འདོན་ནུས་ཤུགས་ཡོངས་ཁྱབ་ཀྱིས་མཐོར་འདེགས་བྱུང་། ཁྱིམ་ཚང་རེ་རེར་གློག་འཐེན་པ་དང་འབྲོག་པའི་གཞི་ཆགས། དགོན་པ་རེ་རེར་གློག་འཐེན་པ། གློག་མེད་བཟོ་འགོད་ཀྱི་བཟོ་སྐྲུན་ལག་བསྟར་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཉིས་ཀར་ཕན་འབྲས་ཐོབ། ལྷག་པར་དུ 2013ལོ་ནས་བཟུང་། སྤྱིའི་དངུལ་གཏོང་སྒོར་བྱེ་བ་བཞི་དང་འབུམ་གཅིག་ཁྲི་བརྒྱད་སྟོང་དགུ་ཉིས་བརྒྱའི་ཚན་པ་བརྒྱད་ཀྱི་ཞིང་དྲ་བསྒྱུར་བཀོད་ཀྱི་རིམ་པ་འཕར་བའི་ལས་གཞི་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་ནས། ཀན་ལྷོ་ཁུལ་གྱི་ཞིང་སྡེའི་སྟོང་ཧྥི་བཅུ་དང་དེའི་མན་ཆད་ཀྱི་དྲ་རྒྱའི་སྒྲིག་གཞི་འཐུས་ཚང་དུ་བཏང་བ་དང་། གློག་འདོན་སྒྲིག་ཆས་ཀྱི་བདེ་འཇགས་མངོན་མེད་རྐྱེན་ངན་དང་ཚད་འཇལ་ཡོ་བྱད་རྙིང་ཧྲུལ་ཚད་ལྡན་མིན་པ་སོགས་ཀྱི་འབུར་ཐོན་གནད་དོན་ཐག་གིས་བཅད་དེ། ནུས་ལྡན་སྒོས་ཞིང་སྡེའི་གློག་གནོན་དམའ་བའི་གློག་ལམ་སྒྲིག་ཆས་ཀྱི་གློག་འདོན་ནུས་ཤུགས་ཆེ་རུ་བཏང་བ། གློག་གནོན་དམའ་བའི་གློག་དྲའི་གློག་ལམ་བཀག་ཚད་དང་གློག་སྒོ་མཆོང་བརྒལ་བྱེད་ཚད་དམའ་རུ་བཏང་ནས། ས་དེའི་སྡོད་དམངས་ཀྱི་འཚོ་བའི་གློག་སྤྱོད་དགོས་མཁོ་བསྐངས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག