མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་ལྷོ་ཁུལ་གྱི་ཡུལ་སྐོར་ཚོང་རའི་འཕེལ་རྒྱས་ལ་ཡག་ཐོག་ཡག་བརྩེགས་ཀྱི་རྣམ་པ་བཟང་བོ་ཤར་བ།

རྩོམ་པ་པོ། ཚེ་རིང་རྡོ་རྗེ།  ཡོང་ཁུངས། ཀན་ལྷོ་མི་དམངས་ཀུན་ཁྱབ་རླུང་འཕྲིན།  2014-08-15 10:50

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་སྐོར་ལས་རིགས་ལ་དགའ་འོས་པའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་ཤར་འདུག་སྟེ། བསྡོམས་རྩིས་བྱས་པ་ལྟར་ན། ཟླ་བ་དང་པོ་ནས་བདུན་པའི་བར། ཁུལ་ཡོངས་སུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི311ལྷག་སྣེ་ལེན་བྱས་ཤིང་། དེའི་ནང་དུ་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི307.7དང་། ཕྱི་རྒྱལ་བ་ཁྲི4. 2 ཙམ་ཡོད། ཡུལ་སྐོར་གྱི་དམིགས་ཚད་གསུམ་པོ་ན་ནིང་ལས 29.2%དང་། 29.48%། 11.4%བཅས་འཕར་སྣོན་བྱུང་སྟེ། ཡུལ་སྐོར་གྱི་ཕྱོགས་སོ་སོའི་ཡོང་སྒོ་སྒོར་དུང་ཕྱུར13.48སླེབས་པ་དང་། དུས་མཉམ་ལས 31.86%འཕར།

རྒྱུས་ལོན་པ་ལྟར་ན། ད་ལོའི་ཡུལ་སྐོར་བའི་ཡོང་ཁུངས་གཙོ་བོ་ནི་ ཧྲན་ཞི་དང་ཉིང་ཞ། པེ་ཅིང་། ཁྲུང་ཆིན། ལན་ཀྲོའུ་སོགས་ནས་ཡིན་པ་དང་། ཁྱིམ་ཚང་གི་རྣམ་པ་དང་གཉེན་གྲོགས་ཀྱི་རྣམ་པ། དགའ་རོགས་ཀྱི་རྣམ་པ་སོགས་ཀྱིས་རང་རང་གི་རླངས་འཁོར་དེད་ནས་ཡོང་བ་གཙོ་ཆེ་ཤོས་རེད། ཁུལ་ཡོངས་ཀྱི་ཡུལ་སྐོར་ཚོང་རའི་སྒྲིག་ལམ་བཟང་བས་ཡུལ་སྐོར་བདེ་འཇགས་དོན་རྐྱེན་དང་ཡུལ་སྐོར་བའི་གཏུག་བཤེར་ཚབས་ཆེན་གཅིག་ཀྱང་མ་བྱུང་། ད་ལོའི་ཁུལ་ཡོངས་ཀྱི་ཡུལ་སྐོར་བྱ་བ་བཟང་བོར་བསྒྲུབ་ཆེད། ལོ་མགོ་ནས་བཟུང་ཁུལ་ཡུལ་སྐོར་འབྲེལ་ཡོད་སྡེ་ཁག་གིས་སྔོན་འགྲོའི་གྲ་སྒྲིག་བྱ་བ་བཟང་བོ་བསྒྲུབས་ཡོད་དེ། གཅིག་ནས་དུས་ཆེན་གྱི་བྱ་འགུལ་སྣ་མང་ཕུན་སུམ་ཚོགས་པ་བྱས་ཤིང་། ཅོ་ནེ་དང་ལིན་ཐན། ཀླུ་ཆུ་བཅས་ནས་སྔ་རྗེས་སུ། སྐབས་བཅོ་ལྔ་བའི་ཀྲུང་གོའི་མདོག་དགུའི་ཀན་ལྷོའི་ཤམ་བྷ་ལའི་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་དང་ཅོ་ནེའི་སྐབས་དང་པོའི་རྒྱལ་སྤྱིའི་རང་གི་རླངས་འཁོར་བསྐོར་བའི་སྤྲོ་སྟོན་དུས་ཆེན། ཡེ་ལི་ཀོན་རྟགས་མའི་ཀྲུང་གོའི་ཐག་འཐེན་འགྲན་སྡུར་དང་སྐབས་ལྔ་བའི་ཀན་སུའུ་ལིན་ཐན་གྱི་ཐག་འཐེན་དུས་ཆེན། སྐབས་གསུམ་པའི་སྐོར་བྲོ་འགྲན་སྡུར་དང་ཤིང་སློང་དུས་ཆེན་བསྒྲུབས་ཤིང་། རྨ་ཆུའི་སྐབས་བརྒྱད་པའི་གེ་སར་རྟ་རྒྱུགས་དང་། སྐབས་གསུམ་པའི་ནོར་གནག་དང་ལུག ལ་བོའི་དཔྱད་སྡུར་བྱ་འགུལ་བཅས་སྤེལ་དང་སྤེལ་བཞིན་པའི་སྒང་ཡིན་ལ། གཉིས་ནས་ཕྱི་ཕྱོགས་སུ་དྲིལ་སྒྲོག་བྱེད་པའི་ཐབས་ལམ་ཕུན་སུམ་ཚོགས་པ་སྟེ། ད་ལོའི་ཡུལ་སྐོར་བ་ཧ་ཅང་མང་དུས་ལ་མ་ཐོན་གོང་ནས་རང་ཁུལ་གྱི་རྗོང་དང་གྲོང་ཁྱེར་སོ་སོས་ཐན་ཅིན་དང་པེ་ཅིང་། ཞི་ཨན། ཁྲུང་ཆིང་། ཁྲི་འདུ། ཡིན་ཁྲོན། ལན་ཀྲོའུ་སོགས་ཀྱི་ཡུལ་སྐོར་བའི་ཡོང་ཁུངས་གཙོ་གྲས་དག་ནས་ཁུལ་ཡོངས་ཀྱི་ཡུལ་སྐོར་ཐོན་ཁུངས་ངོ་སྤྲད་པའི་བྱ་འགུལ་སྣ་ཚོགས་སྤེལ་བ། གསུམ་ནས་ཡུལ་སྐོར་སྣེ་ཤན་ཁང་གི་མགྲོན་པོ་གཏན་འཇགས་ཡིན་པ་སྟེ། ཀན་ལྷོ་ཁུལ་གྱིས«ཡུལ་སྐོར་སྣེ་ཤན་ཁང་གི་བྱ་དགའི་སྲོལ་ཡིག»གསར་དུ་བཏོན་ནས་ལག་བསྟར་བྱས་པ་དང་ངོ་སྤྲོད་ཚོགས་འདུ་སྣ་ཚོགས་ལ་བརྟེན་ནས། ས་གནས་སོ་སོའི་ཡུལ་སྐོར་སྣེ་ཤན་ཁང་ལ་ཡུལ་སྐོར་མཉམ་ལས་ཀྱི་གན་རྒྱ་བཞག་པ་དང་། གཏན་འཇགས་ཀྱི་ཡུལ་སྐོར་ བའི་ཚོང་ར་བཙུགས་པ། ཡུལ་སྐོར་སྣེ་ཤན་ཁང་ལ་ལས་ད་རུང་མདོག་དགུའི་ཀན་ལྷོའི་ཤམ་བྷ་ལའི་ཡུལ་སྐོར་ཆེད་གཏོང་རླངས་འཁོར་མངགས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག