མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་ལྷོ་ཁུལ་ཀླུ་ཆུའི་རས་གུར་ཁྲིམས་ཁང་གིས་མི་དམངས་ཀྱི་དཀའ་གནད་སེལ་བ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། ཀན་ལྷོ་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་།  2014-07-29 11:01

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འདྲི་གཅོད་ཀྱི་འགོ་ཚུགས་ཞེས་འདྲི་གཅོད་པ་ཆེན་མོའི་བཀའ་གནང་མ་ཐག དམངས་དོན་གྱི་གནོད་འཚེའི་ཁ་གསབ་གྱོད་དོན་ཞིག་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་གྱ་ཚང་ཞང་གི་རས་གུར་ཁྲིམས་ཁང་དུ་ཁྲིམས་ས་འཚོགས་ནས་ཞིབ་གཅོད་བྱས།

རས་གུར་གཅིག་དང་ཅོག་ཙེ་འགའ། ད་རུང་རྒྱལ་རྟགས་གཅིག་བཅས་ཀྱིས་གནས་སྤོའི་ཁྲིམས་ཁང་ཞིག་གྲུབ་ཟིན། ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ལྷ་མོ་སྐྱབས་ལ་ཆེད་དུ་བོད་ཡིག་གི་སྐད་བསྒྱུར་བ་བཀོད་སྒྲིག་བྱས་པ་མ་ཟད། མི་དམངས་འདྲི་གཅོད་ལས་རོགས་པ་གདན་དྲངས་ནས་གྱོད་དོན་ཞིབ་གཅོད་དུ་ཞུགས་སུ་བཅུག ཡུལ་དངོས་སུ་བསྡོམས་པས་མང་ཚོགས་70ལྷག་གིས་ཟུར་ཉན་བྱས་ཡོད། འདྲི་གཅོད་པ་ཆེན་མོས་ཞུ་སྦྱོར་སྔ་མ་དང་ཞུ་སྦྱོར་ཕྱི་མ་གཉིས་ལ་འབྲེལ་ཡོད་བཅའ་ཁྲིམས་དང་དེ་མིན་ལོངས་སུ་སྤྱོད་རྒྱུ་ཡོད་པའི་གཏུག་བཤེར་དབང་ཆ་གསལ་བཤད་བྱས་རྗེས་ཕྱོགས་གཉིས་ལ་ཁ་བརྡ་སློབ་གསོའི་བྱ་བ་བསྒྲུབ་མོད། འོན་ཀྱང་། ཞུ་སྦྱོར་སྔ་མ་དང་ཞུ་སྦྱོར་ཕྱི་མའི་བསམ་བློ་ལྷོད་འཇགས་སུ་འགྲོ་དཀའ་བས་འདུམ་སྒྲིག་ཡི་གེ་མི་འབྲི།ཁྲིམས་ཁང་གིས་གནས་སྐབས་སུ་ངལ་གསོ་རྒྱུ་ཁྱབ་བསྒྲགས་བྱས་ཏེ། ཕྱོགས་གཉིས་ཀྱི་བསམ་བློ་ལྷོད་ལ་བབས་རྗེས་ད་གཟོད་ཡང་བསྐྱར་རྒྱབ་དང་རྒྱབ་གཏད་དེ་འདུམ་འགྲིག་བྱ་རྒྱུ་བྱས།

ས་ཡུན་གྱིས་རུབ་ལ་ཉེ་ཞིང་། ཁྲིམས་ཁང་གི་ལས་བྱེད་པས་སྔར་བཞིན་གནས་ལུགས་དང་བཅའ་ཁྲིམས་སོགས་ཀྱི་ཐད་ནན་ཏན་གྱིས་ཕྱོགས་གཉིས་ལ་དབྱེ་ཞིབ་བྱས་པ་དང་། ཁྲིམས་དཔོན་དང་མི་དམངས་འདྲི་གཅོད་ལས་རོགས་པས་ཡང་དང་བསྐྱར་དུ་སེམས་ལྷོད་ལ་བབས་ནས་ཁ་བརྡ་བྱས་མཐར། དགུང་མོའི་དུས་ཚོད་བཅུ་གཅིག་སྟེང་། ཞུ་སྦྱོར་སྔ་མ་དང་ཞུ་སྦྱོར་ཕྱི་མ་གཉིས་འགྲིག་མཐུན་ཡོང་རྒྱུར་འཐད་པ་བྱུང་། གནས་སྤོའི་རས་གུར་ཁྲིམས་ཁང་གིས་ང་ཚོའི་འབྲོག་པ་མང་ཚོགས་ཀྱི་དཀའ་ཁག་སེལ་བར་སྟབས་བདེའི་ཆ་རྐྱེན་འདོན་སྤྲོད་བྱས།བཀའ་དྲིན་ཆེ།བཀའ་དྲིན་ཆེ།ཞེས་ཟུར་ཉན་མང་ཚོགས་ཚང་མས་ཐེ་བོང་སྒྲེང་བཞིན་བསྟོད་བསྔགས་བྱས།

ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ནི་འབྲོག་ལས་རྐྱང་རྐྱང་གི་རྫོང་ཞིག་ཡིན་ཞིང་།བོད་རིག་ས་སྡོད་དམངས་ཀྱིས་ སྤྱིའི་མི་གྲངས་ཀྱི85%ཟིན་ཡོད། འབྲོག་པ་མང་ཚོགས་རྩྭ་ཆུ་ལ་བརྟེན་ནས་འཚོ་བ་རོལ་གྱིན་ཡོད་རྐྱེན་སྡོད་གནས་ཁ་ཐོར་ཡིན། སྔར་ལས་བཟང་བའི་སྒོ་ནས་འབྲོག་པ་མང་ཚོགས་ལ་ཞབས་ཞུ་བསྒྲུབ་ཆེད། ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ཁྲིམས་ཁང་་གིས་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་རྨང་གཞི་བྱས་ཏེ། ཁོངས་གཏོགས་ས་ཁུལ་གྱི་ཁྱབ་རྒྱ་ཆེ་བ་དང་ལམ་ཐག་རིང་བ། སྡོད་གནས་མང་བའི་ཁྱད་ཆོས་ལ་དམིགས་ནས། གནས་སྤོའི་རས་གུར་ཁྲིམས་ཁང་བཙུགས་ཏེ་ཁྱིམ་ཚང་དུ་སོང་ནས་ཞབས་སུ་བསྒྲུབ་པ་མ་ཟད། འདྲི་གཅོད་ཡུལ་དངོས་འབྲོག་པའི་སྒོ་ཁར་སྤོར་ནས་གྱོད་དོན་བསྒྲུབ་པ་དང་། ཁྱིམ་ཚང་གི་སྒོ་ཁ་ནས་མང་ཚོགས་ཀྱི་རེ་འདོད་ཐག་གཅོད་བྱས།

ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ཁྲིམས་ཁང་གི་ཁྲིམས་དཔོན་ཚེ་རིང་བསམ་འགྲུབ་ཀྱིས། རས་གུར་ཁྲིམས་ཁང་གིས་འབྲོག་པ་མང་ཚོགས་ཀྱི་གཏུག་བཤེར་དུས་ཚོད་དང་དཔལ་འབྱོར་གྱི་མ་གནས་གྲོན་ཆུང་བྱས་པའི་མི་ཚད། ད་རུང་གྱོད་དོན་ལ་བརྟེན་ནས་ཁྲིམས་བཤད་པའི་ནུས་བ་ཐོན་ལ། ཟུར་ཉན་མང་ཚོགས་ལའང་གསོན་ཉམས་ལྡན་པའི་བཅའ་ཁྲིམས་ཀྱི་སློབ་ཁྲིད་ཐེངས་ཤིག་བྱས་སོང་། ཁྲིམས་ཁང་ཆུང་ཆུང་ གིས་ནུས་བ་ཆེན་པོ་ཐོན་པ་མ་ཟད། གྱོད་གཞི་གཅིག་ཞིབ་གཅོད་བྱས་པ་ལས་མི་མང་བོ་ཞིག་ལ་སློབ་གསོ་ཐོབ་པའི་ཕན་འབྲས་ཐོན་ཞེས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག