མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ལ་ཀྲུང་གོའི་སྐོར་བྲོའི་ཕ་ཡུལ་ཞེས་པའི་ཆོག་མཆན་དངོས་སུ་ཐོབ་པ།

རྩོམ་པ་པོ། སྒྲོལ་མ་འཚོ།  ཡོང་ཁུངས། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  2014-07-27 10:44

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས་21ཉིན། ཀྲུང་གོའི་ཞབས་བྲོ་མཐུན་ཚོགས་སོགས་འབྲེལ་ཡོད་ལས་ཁུངས་དང་སྡེ་ཁག་གི་ཆོག་མཆན་གནང་བ་བརྒྱུད་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ལ་ཀྲུང་གོའི་སྐོར་བྲོའི་ཕ་ཡུལ་ཞེས་པར་དངོས་སུ་དཔྱད་བསྡུར་གཏན་འབེབ་བྱས། སྐོར་བྲོ་ནི་བོད་རིགས་ས་ཁུལ་གྱི་གནའ་བོའི་གླུ་བྲོའི་རིགས་ཤིག་ཡིན་ཞིང་། ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་གི་མངའ་ཁོངས་སུ་རྒྱ་ཁྱབ་ཏུ་དར་ཞིང་ལོ་རྒྱུས་ཀྱི་རྒྱུན་ཤིན་ཏུ་རིང་། དུས་རབས་གོང་མའི་ལོ་རབས་དགུ་བཅུ་བར་སྐོར་བྲོ་དེ་ཀན་ལྷོ་ཁུལ་ཀླུ་ཆུའི་རྩྭ་ཐང་དུ་དར་འགོ་ཚུགས་ཤིང་བོད་ རིགས་མང་ཚོགས་ཀྱིས་དུས་ཆེན་དང་གཟབ་རྒྱས་ལྡན་པའི་འདུ་ཚོགས་སྟེང་ངེས་པར་དུ་འཁྲབ་པའི་ཞབས་བྲོའི་རིགས་ཤིག་ཏུ་གྱུར།

2000ལོའི་ཟླ7པར། ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་གི་མང་ཚོགས་ཀྱི་ཚབ་བྱེད་ཚོགས་པ་ལོ་བརྒྱའི་ཏུན་ཧོང་དང་རྨ་ཆུའི་ཡུལ་སྲོལ་ཞེས་པའི་ཡུལ་སྐོར་སྒྱུ་རྩལ་དུས་ ཆེན་དུ་ཞུགས་ནས་ཀན་སུའུ་ཞིང་ཆེན་སྒྱུ་རྩལ་འཁྲབ་སྟོན་པའི་བྱ་དགའ་ཨང་དང་པོ་ཐོབ་པ་མ་ཟད། ཀན་ལྷོ་ཁུལ་ཀླུ་ཆུའི་སྐོར་བྲོ་རུ་ཁག་ད་དུང་ཐེངས་གང་མང་ཞིག་ལ་ཀན་ལྷོ་ཁུལ་གྱི་ཚབ་བྱས་ཏེ་ཞིང་ཆེན་ཕྱི་ནང་གི་གལ་ཆེའི་རིག་གནས་བརྗེ་རེས་ཀྱི་བྱ་འགུལ་དུ་ཞུགས་མྱོང་། ལོ་ངོ20ལྷག་གི་འཕེལ་རྒྱས་དང་འཕོ་འགྱུར་བརྒྱུད་ནས་སྐོར་བྲོ་ནི་ཀན་ལྷོ་ཁུལ་ཀླུ་ཆུའི་བོད་རིགས་མང་ཚོགས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་བསམ་བློའི་སྙིང་བཅུད་དུ་གྱུར་ཡོད། ད་ལྟ་ལོ་རེར་ཐེངས་རེ་སྤེལ་བའི་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་གི་སྐོར་བྲོའི་འགྲན་བསྡུར་ནི་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་བོད་ཁུལ་ཞིང་ཆེན་གསུམ་གྱིས་ཡུལ་སྐོར་རིག་གནས་བརྗེ་རེས་དང་འགྲེམ་སྤེལ་གྱི་གཟབ་རྒྱས་ལྡན་པའི་འདུ་ཚོགས་ཆེན་མོ་ཞིག་ཏུ་གྱུར། རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་གིས་ཟླ་8་པའི་ཚེས6ནས་ཚེས་10ཉིན་བར་སྐབས་གསུམ་པའི་སྐོར་བྲོ་འགྲན་བསྡུར་ཆེན་མོ་དང་ཤིང་སློང་དུས་ཆེན་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་བྱ་འགུལ་དུ་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་རྫོང་དང་གྲོང་ཁྱེར་སོ་སོ་ནས་ཡོང་བའི་སྐོར་བྲོ་ཚབ་བྱེད་རུ་ཁག་ཞུགས་པར་གདན་འདྲེན་བྱེད་རྒྱུ་མ་ཟད་གཞན་ད་དུང་རྫོང་ཐོག་ནས་རོང་འབྲོག་པའི་སྐོར་བྲོའི་ཚབ་བྱེད་རུ་ཁག་ དང་རྫོང་ཐད་གཏོགས་ལས་ཁུངས་ཀྱི་སྐོར་བྲོའིཚབ་བྱེད་རུ་ཁག་17རྩ་འཛུགས་བྱས་ནས་འགྲན་བསྡུར་དུ་ཞུགས་རྒྱུ། སྐོར་བྲོ་ནི་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་གི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་བྱེད་པའི་མིང་བྱང་ཞིག་ཏུ་གྱུར་བས། ཉེ་བའི་ལོ་འགའི་རིང་། སྐོར་བྲོ་དེ་ཀན་ལྷོ་ཁུལ་ཀླུ་ཆུ་ནས་འཕེལ་རྒྱས་མུ་མཐུད་དུ་སོང་ཞིང་རྫོང་མཁར་གྱི་ཐང་ཆེན་དང་ཞང་གྲོང་གི་སྲང་ལམ། ཕྱུགས་རའི་རྩྭ་ཐང་བཅས་གང་ས་གང་ནས་སྐོར་བྲོ་ལ་དགའ་ཞེན་ཆེ་བའི་མི་རྣམས་ཀྱིས་རང་འགུལ་ངང་སྐོར་བྲོ་འཁྲབ་པའི་རྣམ་པ་དེ་མཐོང་ཐུབ།

ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ལ་ཀྲུང་གོའི་སྐོར་བྲོའི་ཕ་ཡུལ་ཞེས་པའི་རིག་གནས་སྤུས་རྟགས་ཀྱི་ཡིག་ཐོག་སྙན་ཞུ་ལེགས་འགྲུབ་བྱུང་བ་ལས་ཀན་ལྷོ་ཁུལ་ཀླུ་ཆུའི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཡུལ་སྐོར་གཞི་ས་དང་བོད་མི་རིགས་ཀྱི་རིག་གནས་དཔེ་སྟོན་རྫོང་གི་འཕེལ་རྒྱས་འཛུགས་སྐྲུན་ལ་འབོད་སྐུལ་བཏང་བ་མ་ཟད་གོམ་གང་མདུན་སྤོས་ཀྱིས་ཀན་ལྷོ་ཁུལ་ཀླུ་ཆུའི་ ཕུལ་བྱུང་གི་མི་རིགས་རིག་གནས་རྒྱུནའཛིན་དར་སྤེལ་གཏོང་བ་དང་མི་རིགས་མཐུན་སྒྲིལ་དམ་ཟབ་དང་མང་ཚོགས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཕྱོགས་ཡོངས་ནས་ཀན་ལྷོ་ཁུལ་ཀླུ་ཆུའི་ཁྱད་པར་ཅན་གྱི་བོད་རིགས་རྒྱན་གོས་དང་མི་རིགས་ཀྱི་སྒྱུ་རྩལ་འཚོ་བ་ཕྱིར་མངོན་པར་ལས་སྟེགས་སྐྲུན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག