མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

དཔའ་རིས་རྫོང་གིས་མང་ཚོགས་གྱིས་དོ་ཁུར་བྱེད་པའི་མཁར་གྲོང་གི་ཁོར་ཡུག་གཙང་སྦྲ་དག་ཐེར་བྱས་པ།

རྩོམ་པ་པོ། སྣང་གསལ།  ཡོང་ཁུངས། དཔའ་རིས་རླུང་འཕྲིན་ཁང་།  2014-04-27 10:50

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་དེ་བསམ་འཆར་བསྡུ་ལེན་གྱི་དུས་རིམ་ལ་ཐོན་པའི་སྐབས་སུ། ཀན་སུའུ་ཞིང་ཆེན་དཔའ་རིས་རྫོང་གིས་ཁྱབ་རྒྱ་ཆེ་བའི་སྒོ་ནས་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་པ་བརྒྱུད། མང་ཚོགས་ཀྱིས་དོ་སྣང་དང་སེམས་ཁུར་ཆེན་པོ་བྱེད་བཞིན་པའི་མཁར་གྲོང་གི་ཁོར་ཡུག་གཙང་སྦྲ་བཙོག་པ་དང་ཉོག་པ། ཞན་པ་སོགས་གནད་དོན་འབུར་ཐོན་ཅན་ལ་དམིགས་ནས། མཁར་གྲོང་གཙང་སྦྲ་དག་ཐེར་གྱི་ཆེད་སྒྲིག་་བྱ་འགུལ་སྤེལ་བ་དང་བསྟུན་ནས། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་འགྱུར་ལྡོག་གསར་བ་དང་རྣམ་པ་གསར་བ་དེ་རྒྱ་ཆེའི་མང་ཚོགས་ཀྱི་མིག་ལམ་དུ་གསལ་བོར་མངོན།

ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་སྐབས། དཔའ་རིས་རྫོང་གིས་བསམ་འཆར་བསྡུ་ལེན་དང་དམངས་གཙོའི་དཔྱད་སྡུར་བྱས་པ་བརྒྱུད་། རྒྱ་ཆེའི་ལས་བྱེད་པ་དང་མཁར་གྲོང་མང་ཚོགས་ཀྱིས་སྤྱི་མཐུན་གྱི་བསམ་འཆར་བཏོན་པ་ནི་རྫོང་མཁར་དུ་འཚོ་བའི་གད་སྙིགས་དུས་ལྟར་གཙང་བཤེར་དང་ཕྱགས་འཕོ་མ་བྱས་པ་དང་། ཨར་འཛུགས་གད་སྙིགས་གང་སར་སྤུངས་བ། མཁར་གྲོང་འབྲེལ་མཚམས་ཀྱི་ཁོར་ཡུག་བཙོག་པ་དང་ཉོག་པ། ཞན་པའི་སྣང་ཚུལ་དང་རྩ་བ་ནས་ཐག་གཅོད་མ་བྱས་པའི་འབུར་ཐོན་གནད་དོན་སོགས་རེད། བསམ་འཆར་དེ་དག་ལ་རྫོང་ཨུ། རྫོང་སྲིད་གཞུང་གིས་བརྩི་མཐོང་ཆེན་པོ་བྱས་ཏེ། དེ་མ་ཐག་བཅོས་སྐྱོང་གི་ཐབས་བཀོད་རབ་དང་རིམ་པ་དོན་ཐོག་ཏུ་འཁྱོལ་བར་བྱས་པ་མ་ཟད། རྫོང་རྒྱལ་གཅེས་གཙང་སྦྲ་བྱ་འགུལ་ཨུ་ཡོན་ལྷན་ཚོགས་ཀྱིས་མཁར་འཛུགས་དང་བཟོ་ཚོང་། སྤྱི་བདེ། འགྲིམ་འགྲུལ། ཁོར་ཡུག་སྲུང་སྐྱོབ་བཅས་ལས་ཁུངས་རྩ་འཛུགས་བྱས་ཏེ་ཐབས་ཤེས་སྣ་མང་སྤྱད་པ་དང་སྟོབས་ཤུགས་གཅིག་དུ་སྒྲིལ་ནས། རྫོང་མཁར་གྱི་སྲང་ལམ་ཆུང་ངུ་དང་། དོ་དམ་མ་ཐོན་པའི་ས་ཁུལ། མཁར་ཞང་ས་མཚམས་སུ་བཙོག་པ་དང་ཉོག་པ །ཞན་པ་གསུམ་གྱི་གནས་ཚུལ་དང་རྒྱལ་ལམ་འགྲམ་གཉིས་སུ་རང་འདོད་དུ་ཡིག་རིས་འབྲི་བ་དང་ཁྲིམས་འགལ་ཨར་ལས་རང་འདོད་དུ་འཛུགས་པ་། སྲང་ལམ་དུ་ཚོང་ཁྲོམ་རང་འདོད་ཁྲིམས་འགལ་གྱིས་བཤམས་པ་སོགས་ལ་གཅིག་བསྡུས་དག་ཐེར་གྱི་བྱ་འགུལ་སྤེལ། ད་དུང་མགྲོན་ཁང་དང་ཟ་ཁང་། རླངས་འཁོར་འབབ་ཚིགས། ཚོང་ར་སོགས་ཀྱི་འཕྲོད་བསྟེན་གཙང་སྦྲ་དོ་དམ་ལ་ཤུགས་བསྣན་པ་དང་ཟས་རིགས་གཙང་སྦྲའི་ཁྲིམས་ལུགས་ལྟར་སློབ་གྲྭ་དང་བྱིས་སྐྱོང་ཁང་གི་ཁོར་ཡུག་གཙང་སྦྲ་དང་ཟས་རིགས་གཙང་སྦྲ་དོ་དམ་སོགས་ལ་བདག་སྐྱོང་གི་ཤུགས་ཚད་ཇེ་ཆེར་བཏང་ནས་ན་གཞོན་བྱིས་པ་རྣམས་ཀྱི་ལུས་ཕུང་བདེ་ཐང་ལ་ཁག་ཐེག་བྱས། གཟའ་འཁོར་གཅིག་ལྷག་གི་དུས་ཐུང་ནང་བསྡོམས་པས་གད་སྙིགས་ཏུན་སྟོང་གཅིག་དང་ཉིས་བརྒྱ་གཙང་བཤེར་དག་ཐེར་བྱས།

གསར་འགོད་པས་མཁར་གྲོང་སྡོད་དམངས་ལ་བཅར་འདྲི་བྱེད་སྐབས་ཚང་མས་ཉམས་དགའ་བའི་ངང་བཤད་རྒྱུར། ཐེངས་འདིར་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་དག་ཐེར་གྱི་བྱ་འགུལ་སྤེལ་བ་མགྱོགས་མྱུར་ཡིན་ལ། ཤན་ཤུགས་ཆེ་བ་དང་། གྲུབ་འབྲས་མྱུར་དུ་མཐོང་ལ། རྒྱ་ཆེའི་མང་ཚོགས་ལ་གཙང་ཞིང་མཛེས་ལ། སྤྲོ་སྐྱིད་ལྡན་པའི་ཁོར་ཡུག་ཞིག་བསྐྲུན་པ་མ་ཟད། ལྷག་་པར་དུ་ཐེངས་འདིར་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་སྐབས། མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་བླངས་པ་དང་། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་བྱ་བ་དང་བསམ་འཆར་རེ་རེར་བརྩི་མཐོང་དང་ཐག་གཅོད་བྱེད་པའི་སྙིང་སྟོབས་དང་གྲུབ་འབྲས་དངོས་སུ་མཐོང་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག