མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

རྒྱལ་ནང་གི་བོད་ཀྱི་ན་གཞོན་དང་ལོ་ཆུང་བའི་རྐང་གྲུག་སྦྱོང་བརྡར་རྟེན་གཞི་ཐོག་མ་ཀན་ལྷོ་རུ་བཙུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-27 11:04

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10པའི་ཚེས22ཉིན། རྒྱལ་ནང་གི་བོད་ཀྱི་ན་གཞོན་དང་ལོ་ཆུང་བའི་རྐང་གྲུག་སྦྱོང་བརྡར་རྟེན་གཞི་ཐོག་མ་སྟེ་ཀན་ལྷོའི་བོད་ཀྱི་ན་གཞོན་དང་ལོ་ཆུང་བའི་རྐང་གྲུག་སྦྱོང་བརྡར་རྟེན་གཞི་དེ་ཀན་ལྷོ་ཁུལ་གཙོས་བོད་ཡིག་སློབ་འབྲིང་དུ་སྒོ་བྱང་བཀལ་བ་རེད།

ཀན་སུའུ་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་ན་གཞོན་དང་ལོ་ཆུང་བའི་རྐང་གྲུག་ལུས་རྩལ་གོང་སྤེལ་དང་ཀན་ལྷོའི་བོད་ཀྱི་ན་གཞོན་དང་ལོ་ཆུང་བའི་རྐང་གྲུག་གི་ཆུ་ཚད་མཐོར་འདེགས་བྱ་ཆེད་ཀན་སུའི་འོད་མདའ་ན་གཞོན་དང་ལོ་ཆུང་བའི་རྐང་གྲུག་སྦྱོང་བརྡར་ལྟེ་གནས་དང་ཀན་ལྷོ་ཁུལ་སློབ་གསོ་ཅུའུ་གཉིས་ཀྱིས་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་དུ་ཀན་ལྷོའི་བོད་ཀྱི་ན་གཞོན་དང་ལོ་ཆུང་བའི་རྐང་གྲུག་སྦྱོང་བརྡར་རྟེན་གཞི་འཛུགས་པའི་ཐག་བཅད་པར་མ་ཟད། སློབ་གསོ་སྡེ་ཁག་དང་མཉམ་དུ་རྒྱལ་ནང་གི་བོད་རིགས་སྐྱེས་མའི་རྐང་གྲུག་རུ་ཁག་ཐོག་མ་བཙུགས་པ་རེད།

རྟེན་གཞི་དེར་ལོ་གསུམ་དང་ལོ་དྲུག་གི་འཆར་བཀོད་གཉིས་སུ་གཏན་འབེབ་བྱས་ནས་བྱིས་པ་རྣམས་ཀྱིས་སློབ་ཆུང་དུ་ལོ་གསུམ་ལ་རྨང་གཞིའི་སྦྱོང་བརྡར་བྱས་རྗེས་སློབ་འབྲིང་གི་རྐང་གྲུག་ཁྱད་རྩལ་འཛིན་གྲྭར་འགྲིམ་པ་དང་། དེའི་རྗེས་དམའ་འབྲིང་དང་མཐོ་འབྲིང་གི་ཆེད་ལས་སྦྱོང་བརྡར་བྱས་ནས་རྒྱལ་ཡོངས་ཀྱི་ལུས་རྩལ་སློབ་གྲྭ་དང་ལུས་རྩལ་རུ་ཁག་ལ་ཕུལ་དུ་བྱུང་བའི་རྐང་གྲུག་ཆེད་ལས་ཀྱི་འཇོན་མི་སྐྱེད་སྲིང་བྱ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན་ཀན་ལྷོའི་ན་གཞོན་དང་ལོ་ཆུང་བའི་རྐང་གྲུག་སྦྱོང་བརྡར་རྟེན་གཞི་ཡིས་བོད་རིགས་སྐྱེས་པ་དང་སྐྱེས་མའི་རྐང་གྲུག་རུ་ཁག་གཉིས་བཙུགས་ནས་ཞིང་ཆེན་དང་རྒྱལ་ཡོངས་ཀྱི་འགྲན་སྡུར་ལ་ཞུགས་སུ་བཅུག་སྟེ་བོད་ཀྱི་རྐང་གྲུག་གི་ཁྱད་ཆོས་དར་སྤེལ་བྱ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག