མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་སུའུ་ཞིང་ཆེན་དཔའ་རིས་རྫོང་གིས་ཚན་རྩལ་ལ་བརྟེན་ནས་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་བཏང་པའི་གནས་ཚུལ།

རྩོམ་པ་པོ། བཀྲ་འདུལ་གྱིས་བསྒྱུར།  ཡོང་ཁུངས། ཝུའུ་ཝེ་ཉིན་རེའི་ཚགས་པར།  2013-09-23 10:22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྟོན་དུས་སླེབས་པའི་སྐབས་སུ། དཔའ་རིས་རྫོང་ཁྲོ་ཁུག་ཡེ་མཐོ་སྒང་གི་ཞིང་ལས་ཚན་རྩལ་དཔེ་སྟོན་ར་བའི་ཞིང་ལས་ཐོན་རྫས་དང་ལག་རྩལ་གསར་བའི་འགྲེམས་སྟོན་ཁུལ་དུ། དཀར་ཞིང་ཆེ་བའི་ལ་ཕུག་དང་དེ་དག་གི་ལོ་མ་སྟར་དུ་བསྒྲིགས་འདུག་ལ། ལ་ཕུག་གི་རྩ་བ་དང་ཤུན་མདོག་དཀར་ཞིང་འཇམ་པ་དང་། ཞིང་ཁར་ད་དུང་ཆེད་དུ་འགྲེམས་བྱང་བཞག་ཡོད་ཅིང་སྟེང་དུ་ལ་ཕུག་གི་རིགས་དང་འདེབས་མཁན། འདེབས་དུས་སོགས་ཀྱི་ཆ་འཕྲིན་གསལ་བོར་བྲིས་འདུག “ལ་ཕུག་འདིའི་རིགས་ལ་པེ་དབྱི་ཁྲིན་གསར་བ་ཟེར་ཞིང་། དེས་ནམ་ཟླ་དང་ཁོར་ཡུག་ངན་པ་བཟོད་ཐུབ་ལ་གས་ཁ་ཉུང་བ་དང་། བཟས་ན་བྲོ་བ་ཞིམ་ཞིང་ཐོན་ཚད་མཐོ་བའི་ཁྱད་ཆོས་ལྡན།”ཞེས་རྫོང་ཞིང་ཕྱུགས་ལས་ཅུས་ཀྱི་གནས་དེའི་ཞིང་ལས་ལག་ཤེས་པ་མཱ་ཆི་པུའེ་ཡིས་དེ་ལྟར་བཤད་པ་རེད།

དཔེ་སྟོན་ར་བ་དེ་ནི་དཔའ་རིས་རྫོང་གིས་གང་ཐུབ་ཀྱིས་ཞིང་ལས་ལག་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་བསྡུས་གཟུགས་ཤིག་ཡིན་ལ། གནས་ཚུལ་རྒྱུས་ལོན་པ་ལྟར་ན། ཞིང་ལས་ཐོན་རྫས་གསར་བ་དང་ལག་རྩལ་གསར་བའི་དཔེ་སྟོན་གནས་ཡུལ་རྫོང་དེར་ད་དུང7ཡོད་པ་རེད།

“ཞིང་ལས་ཐོན་རྫས་ཀྱི་རིགས་དང་འདེབས་འཛུགས་ཀྱི་ལག་རྩལ་གསར་བ་འདི་དག་ནང་འདྲེན་དང་ཚོད་འདེབས། དཔེ་སྟོན་བཅས་བྱེད་ཐུབ་པ་ནི་ཞིང་ལས་ཚན་རྩལ་གསར་གཏོད་དང་རྒྱ་སྐྱེད་བཏང་བའི་ཕན་འབྲས་ཡིན་ལ། ཉེ་བའི་ལོ་འགའི་རིང་ལ་རྫོང་གིས་ཞིང་ལས་ལག་རྩལ་གསར་གཏོད་ཐད་ཤུགས་བསྣན་ཞིང་། ཞིང་ལས་ཐོན་རྫས་རིགས་གསར་བ་དང་ལག་རྩལ་གསར་བས་ཞིང་ལས་དང་ཞིང་བའི་ཡོང་སྒོ་འཕར་བར་སྐུལ་འདེད་བྱེད་རོགས་བྱས་པ་རེད།”རྫོང་ཞིང་ཕྱུགས་ལས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲོ་ཅན་ཅིན་གྱིས་དེ་ལྟར་བཤད་པ་རེད།

“ས་བོན་བཟང་བོ”ཡིས་ཡོང་སྒོ་འཕར་ཞིང་ཕྱུག་པོར་བསྒྱུར།

“ངས་ངེད་ཚང་དང་གཞན་ནས་ཚུར་བསྐོར་བའི་ས་ཞིང་མུའུ༢༠༠བཀོལ་ནས། རྫོང་གིས་ནང་འདྲེན་དང་ཁྱབ་གདལ་གཏོང་བའི་ལུའུ་སིན་དང་ཧྭ་ཡེ་སྔོ་ཚོད་སོགས་སྔོ་ཚལ་གྱི་རིགས་བཏབ་པ་ཡིན་ལ། ཐོན་ཚད་ཆ་སྙོམས་མུའུ་རེ་ལ་རྒྱ་མ6000ཡས་མས་ལ་སླེབས་ཤིང་། མུའུ་རེའི་ཆ་སྙོམས་ཡོང་སྒོ་རྐྱང་བ་སྒོར3500ཡས་མས་ཟིན་པ་དང་། སྤྱིའི་ཡོང་སྒོ་སྒོར་ཁྲི70ལྷག་ལ་སླེབས་པ་རེད།”ཅེས་དར་ཁྲ་ལུང་པ་གྲོང་རྡལ་གྱི་མུའུ་ཨེར་སྡེ་བའི་སྡེ་མི་ལི་ཀྲན་པའོ་ཡིས་དགའ་སྤྲོའི་ངང་དེ་ལྟར་བཤད་པ་རེད།

ད་ལོ་ནས་བཟུང་། རྫོང་དེས་གཙོ་ཁྲིད་ཐོན་ལས་དམ་དུ་བཟུང་ནས་ཚོད་ལྟ་དཔེ་སྟོན་དང་རྒྱ་སྐྱེད་གང་ལེགས་བྱས་ཤིང་། ཉི་འོད་ཀྱི་དྲོད་ཁང་དང་ཐན་པའི་སྐབས་ཀྱི་ཞིང་ལས་སོགས་ཁྱད་ལྡན་ཐོན་ལས་ཁ་ཕྱོགས་གཙོ་བོར་བཟུང་ནས།“སྤུས་ལེགས་དང་ཐོན་ཚད་མཐོ་བ། ཕན་ནུས་བཟང་བ། གནོད་མེད། ཁོར་ཡུག་སྲུང་སྐྱོབ”བཅས་ཀྱི་བླང་བྱ་ལྟར། རྫོང་དེའི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ཀྱི་ད་ལྟའི་གནས་བབ་དང་ནམ་ཟླ་མི་འདྲ་བའི་སྐྱེ་ཁམས་ཀྱི་ཆ་རྐྱེན་དང་འབྲེལ་ནས། བསྡོམས་པས་ཉི་འོད་དྲོད་ཁང་གི་སིལ་ཏོག་དང་སྔོ་ཚལ། སྣུམ་ཚལ། རྒྱ་གྲོ། ནས་སོགས་ཞིང་ལས་ཐོན་རྫས་གསར་བ་རིགས120ནང་འདྲེན་བྱས་པ་དང་། ཚོད་ལྟ་དང་དཔེ་སྟོན་རིགས31བཀོད་སྒྲིག་བྱས་ལ་དཔེ་སྟོན་རྟེན་གཞི8བཙུགས་པ་རེད། དེ་དང་དུས་མཚུངས་སུ་ད་དུང་ཧུར་ཐག་གིས་ཀྲུང་གོའི་ཞིང་ལས་ཚན་རྩལ་གླིང་དང་ཀན་སུའུ་ཞིང་ལས་ཚན་རྩལ་གླིང་། མཚོ་སྔོན་ཞིང་ལས་ཚན་རྩལ་གླིང་། བོད་ལྗོངས་ཞིང་ལས་ཚན་རྩལ་གླིང་། ཀྲུང་གོའི་ཞིང་ལས་སློབ་ཆེན། ཀན་སུའུ་ཞིང་ལས་སློབ་ཆེན་སོགས་ཚན་རིག་ཞིབ་འཇུག་སྡེ་ཁག་དང་ཞིང་ཆེན་ཕྱི་ནང་གི་མཐོ་རིམ་སློབ་གྲྭ་ཁག་དང་བགྲོ་གླེང་མཉམ་ལས་བྱས་ཤིང་། གོམ་གང་མདུན་སྤོས་སྒོས་ཞིང་ལས་ཚན་རྩལ་གསར་གཏོད་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

“ས་གནས་ཀྱི་ཆེད་མཁས་པས”ལག་རྩལ་གྱིས་རོགས་སྐྱོར་དང་རྒྱ་སྐྱེད་གཏོང་རོགས་བྱས་པ།

“གསར་དུ་ནང་འདྲེན་བྱས་པའི་ལག་རྩལ་གསར་བ་དང་ཐོན་རྫས་གསར་བ་ཇི་ལྟར་བྱས་ཏེ་ཞིང་འབྲོག་མང་ཚོགས་ལ་དངོས་སུ་ལག་བསྟར་བྱེད་དུ་བཅུག་ནས། ཞིང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་སྐུལ་འདེད་བྱེད་པའི་གནད་འགག་གཙོ་བོ་ནི་ལག་རྩལ་ཐད་ནས་གསབ་སྦྱོང་བྱ་རྒྱུ་དེ་རེད།”རྫོང་ཞིང་ཕྱུགས་ལས་ཅུས་ཀྱི་ཅུས་ཀྲང་ཀྲང་ཅིན་ཤའེ་ལགས་ཀྱིས་དེ་ལྟར་བརྗོད་པ་རེད།

“གྲོང་ཁྱེར་དང་རྫོང་གི་ཆེད་མཁས་པ་དང་ལག་རྩལ་མི་སྣ་ཐེངས་མང་པོར་གྲོང་ཚོའི་ནང་དུ་ཕེབས་ནས། ཆེད་དུ་འདེབས་འཛུགས་དཔེ་སྟོན་གྱི་དུད་ཚང་ལ་ཞིང་ཕྱུགས་ལས་ཀྱི་ཚན་རིག་ཤེས་བྱ་ཁྲིད་པར་རྩ་འཛུགས་བྱས་ཏེ། ང་ཚོའི“སྲོལ་རྒྱུན་གྱི་ཞིང་འདེབས་ཚུལ”གྱི་བསམ་བློར་རྩ་བ་ནས་བསྒྱུར་བཅོས་བཏང་ཞིང་། “ཚན་རིག་དང་མཐུན་པར་ཞིང་འདེབས་པ”ཞེས་པའི་གོ་དོན་རྟོགས་སུ་བཅུག”ཅེས་ཆི་ལིན་གྲོང་ཚོ་ཆི་ལིན་སྡེ་བའི་ཚན་རྩལ་ལགས་རོགས་པ་ཁྲེན་ཀྲུང་ཅི་ཡིས་གསར་འགོད་པར་དེ་ལྟར་བཤད་པ་རེད།

རྫོང་དེས་གསབ་སྦྱོང་འཛིན་གྲྭ་དང་འཆད་ཁྲིད། ལྟ་ཞིབ་བགྲོ་གླེང་། ཞིང་ལས་ཚན་རྩལ་གྲོང་གསེབ་ཏུ་སྐྱེལ་བ། ཡུལ་དངོས་ནས་ལག་རྩལ་ཐད་ནས་མཛུབ་སྟོན་བྱེད་པ་སོགས་ཀྱི་རྣམ་པར་བརྟེན་ནས། ཧུར་ཐག་གིས་ཞིང་ལས་ཆེད་མཁས་པ་དང་ཞིང་ལས་ལག་རྩལ་མི་སྣ། ཐོན་ལས་ཚབ་མཚོན་ལྡན་པའི་དུད་ཚང་བཅས་ལ་རྩ་འཛུགས་བྱས་ཏེ། ཞིང་ལས་འདེབས་འཛུགས་ཀྱི་དུས་སྐབས་གཙོ་བོར་ས་གནས་གཙོ་བོ་ཁག་ཏུ་བསྐྱོད་དེ། ཞིང་བ་རྣམས་དང་ངོ་ཐུག་ནས་ལག་ལེན་ལ་མཛུབ་སྟོན་བྱས་པ་རེད། ཉེ་བའི་ལོ་ཤས་རིང་ལ། ཚན་རྩལ་གྱིས་ཕྱུག་པོར་སྒྱུར་བ་དང་། ཚན་རྩལ་དཔེ་སྟོན་ཁྱིམ་ཚང་། གྲོང་ཚོའི་ཚན་རྩལ་ལག་རོགས་པ་དང་རྐང་འཛིན་ཞིང་བ་རྣམས་ལ་གསབ་སྦྱོང་ཐེངས6398བྱས་ལ། སྦྱོང་བརྡར་ཐོབ་པའི་ཞིང་བ་ཁྲི28.7ཡོད་པ་དང་། ཞིང་ལས་ལག་རྩལ་ཐད་ཀྱི་གསབ་སྦྱོང་སློབ་དེབ19རྩོམ་སྒྲིག་པར་སྐྲུན་བྱས་ཤིང་། གསབ་སྦྱོང་གི་ཡིག་ཆ་ཁྲི41ལྷག་དཔར་ནས་ཞིང་བའི་ཁྱིམ་ཚང3000ལྷག་ལ་ཕན་ཁེ་ཐོབ་ཡོད་པ་རེད།

“ལག་རྩལ་གསར་བས”ཕན་ཁེ་མཐོར་འདེགས་བཏང་པ།

ཟླ3པ་ནས་བཟུང་ད་ཁྲ་ལུང་པའི་གྲོང་རྡལ་ས་ནག་དེ་མོའི་རྒྱ་གྲོའི་འདེབས་འཛུགས་ལག་རྩལ་དཔེ་སྟོན་གནས་གཞི་ནས། ནམ་ཡང་གྲོང་རྡལ་དེའི་ཞིང་ལས་ལག་རྩལ་ས་ཚུགས་ཀྱི་འགོ་གཙོ་དབྱི་ཅི་ཧྲན་མཐོང་ཐུབ་ལ། ས་ཞིང་གི་གནས་གང་ལ་རྩྭ་ལྡུམ་འབྲེག་རན་པ་དང་གནས་གང་དུ་ལུད་འདེབས་རན་ཡོད་པ་སོགས་ལ་ཁོས་བློ་ཞིབ་མོས་མཛུབ་སྟོན་གནང་པ་རེད།“གལ་ཏེ་རྫོང་དང་གྲོང་ཚོའི་ལག་རྩལ་མི་སྣས་ལག་རྩལ་ཐད་ནས་མཛུབ་སྟོན་གནང་པ་མིན་ཚེ། ཞིང་ལས་ཐོན་རྫས་གསར་བ་ཡོད་ཀྱང་འབྲས་བུ་ལེགས་པོ་སྨིན་ཐུབ་རྒྱུ་མ་རེད”ཅེས་ད་ཁྲ་གྲོང་རྡལ་ཏ་ཀྲང་གྲོང་ཚོའི་མི་སེར་ཕེ་ཐེན་ཕིན་གྱིས་དེ་ལྟར་བཤད།

ཉེ་བའི་ལོ་འགའི་རིང་ལ། རྫོང་དེས་ཞིང་ལས་ལག་རྩལ་རྒྱ་སྐྱེད་གཏོང་བའི་ཞབས་ཞུའི་མ་ལག་གི་ཐད་ལ་ནུས་ཤུགས་དངོས་བཏོན་ཞིང་། རྫོང་གིས་གཅིག་གྱུར་སྒོས་གྲོང་གསེབ་དང་གྲོང་རྡལ་གྱི་ཞིང་ལས་ལག་རྩལ་ཁྱབ་སྤེལ་ལས་ཁུངས་དང་མི་སྣ། ཐོ་ཡིག་བཅས་ལ་དོ་དམ་བྱས་ལ། “གྲོང་ཚོ་དང་ཁྱིམ་ཚང་མཉམ་སྦྲེལ”གྱི་རྒྱ་སྐྱེད་སྒྲིག་གཞི་དང་། “ཆེད་མཁས་པ་དང་ཞིང་ལས་ལག་རྩལ་མི་སྣ། ཚན་རྩལ་དཔེ་སྟོན་དུད་ཚང”གི་ཞབས་ཞུའི་རྣམ་པ་ལག་བསྟར་བྱས་ཏེ། ནུས་ཤུགས་ཡོད་དགུས་ཞིང་ལས་ལག་རྩལ་གསར་བ་དང་ཞིང་ལས་ཐོན་རྫས་གསར་བ་སྐྱེ་ཐུབ་པར་བྱེད་པའི་ལས་ཀར་སྐུལ་འདེད་བཏང་པ་རེད། རྫོང་དེས་ད་དུང་ཀན་སུའུ་ཀྲིན་དབྱང་ཞིང་བཟོ་ལས་ཉོ་ཚོང་ཚོགས་པ་དང་ལན་ཀྲུའུ་འབྱོར་ཕྱུག་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི་སོགས་ཞིང་ལས་དང་འབྲེལ་བའི་ཁེ་ལས་ཁག་ལ། ཞིང་ལས་ཐོན་རྫས་གསར་བ་དང་ལག་རྩལ་གསར་བ་ནང་འདྲེན་རྒྱ་སྐྱེད་གཏོང་བར་སྐུལ་སློང་བྱས་ཤིང་། བྱེད་ནུས་ལྡན་པའི་ངང་ཞིང་ལས་ལག་རྩལ་གྱི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བཏང་པ་རེད། ཀན་སུའུ་ཀྲིན་དབྱང་ཞིང་བཟོ་ལས་ཉོ་ཚོང་ཚོགས་པའི་ལས་འཛིན་འགོ་གཙོ་རིན་ཧྲིན་ཝུའུ་ཡིས“ཉེ་བའི་ལོ་ཤས་རིང་གི་སྲིད་གཞུང་དང་ཁེ་ལས་བགྲོ་གླེང་མཉམ་ལས་བྱས་པ་བརྒྱུད་ནས། མཉམ་དུ་སྐྱེ་འཚར་གྱི་གནས་ཚུལ་བཟང་ཞིང་ཐོན་ཚད་མཐོ་ལ། ཕན་ནུས་བཟང་བའི་རྒྱ་གྲོ་རིགས་གསར་ཁག་ཅིག་ནང་འདྲེན་བྱས་ཤིང་། དོན་དངོས་ཀྱི་སྟེང་ནས་ཁེ་ལས་ཀྱི་ཕན་ནུས་ཇེ་བཟང་དང་ཞིང་བའི་ཡོང་སྒོ་འཕར་བའི་གཉིས་ཕན་གྱི་རྣམ་པ་མངོན་འགྱུར་བྱུང་བ་རེད”ཟེར།།

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག