མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་སུའུ་རྨ་ཆུ་རྫོང་གིས་གེ་སར་རྟ་རྒྱུག་ཚོགས་ཆེན་བསྡུས་ཏེ་ནུབ་རྒྱུད་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་སྟོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-08-12 09:13

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ8པའི་ཚེས2ཉིན། ཀན་སུའུ་རྨ་ཆུ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་རེན་མིན་ཞང་གིས་ལན་ཀྲུའུ་ནས་སྨྱན་ལམ་ཁག་ལ་བཤད་པ་ལྟར་ན། ཚོན་མདོག་སྣ་དགུའི་ཀན་ལྷོའི་ཤམ་བྷ་ལ་གནས་སྐོར་སྒྱུ་རྩལ་དུས་ཆེན་སྐབས་བཅུ་བཞི་བ་དང་རྨ་ཆུའི་སྐབས་བདུན་པའི་གེ་སར་རྟ་རྒྱུག་ཚོགས་ཆེན་སྤྱི་ཟླ8པའི་ཚེས13ཉིན་རྨ་ཆུ་ནས་སྤེལ་རྒྱུ་ཡིན་ཞིང་། ཚོགས་ཆེན་གྱི་ཉིན3རིང་ལ་ཀྲུང་གོའི་ནུབ་རྒྱུད་ཀྱི་གྲངས་ཉུང་མི་རིགས་ཀྱི་ཐུན་མིན་ཁྱད་ཆོས་མངོན་པར་སྟོན་རྒྱུ་ཡིན་པ་རེད།

རྨ་ཆུ་ཞེས་པའི་ཆུ་བོའི་མིང་རྫོང་གི་མིང་དུ་ཆགས་པ་རྒྱལ་ཡོངས་སུ་དེ་གཅིག་པུ་ཡིན་ལ། རྫོང་དེ་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ནུབ་ཕྱོགས་དང་། མཚོ་བོད་མཐོ་སྒང་གི་ཤར་སྣེ། ཀན་སུའུ་དང་མཚོ་སྔོན། སི་ཁྲོན་གསུམ་གྱི་འབྲེལ་མཚམས་སུ་ཡོད་ཅིང་། ཀན་སུའུ་ཞིང་ཆེན་ཡོངས་ལས་བོད་རིགས་འདུས་སྡོད་བྱས་པའི་འབྲོག་རྫོང་གཅིག་པུའང་ཡིན་པ་རེད། རྫོང་དེའི་ས་ཁོངས་སུ་འབྲོག་ལས་དང་གཏེར་ཁ། ཆུ་དང་གློག ཡུལ་སྐོར། བོད་ཀྱི་སྨན་རྩྭ། རླུང་ནུས། ཉི་འོད་ནུས་ཁུངས་སོགས་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། ཀྲུང་གོའི་རྟ་རྒྱུད་གྲགས་ཅན་བཞི་ལས་གཅིག་སྟེ་རྨ་ཁུག་གྱི་ལིང་དང་། མཐོ་སྒང་གི་གྲུ་གཟིངས་ལྟ་བུར་བརྗོད་པའི་ནོར་གནག ལུག་གི་རྒྱལ་བོར་གྲགས་པའི་དངུལ་རྭའི་ལུག་དང་བོད་ཁྱི་བཅས་ཀྱི་ཐོན་གནས་གཙོ་བོ་ཞིག་ཡིན་པ་རེད།

རྨ་ཆུ་རྫོང་གི་སྐྱེ་ཁམས་ཀྱི་གོ་གནས་ཧ་ཅང་མངོན་གསལ་ཡིན་ལ། རྨ་ཆུའི་རྫོང་ཁོངས་ཀྱི་ཆུ་མཁོ་འདོན་བྱེད་ཚད་དེ་རྨ་ཆུ་སྤྱིའི་ཆུའི་བཞུར་ཚད་ཀྱི58.7%ཟིན་ཡོད་ཅིང་། དེ་ནི་རྨ་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་བྱེད་ལྟ་བུ་ཡིན་པ་དང་། དེར“ཀྲུང་ཧྭའི་ཆུ་མཛོད”དང་རྨ་ཆུའི“རང་བྱུང་གི་ཆུ་རྫིང”ཅེས་པའི་མཚན་སྙན་ཡོད་པ་རེད།

 ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་ཀྲུང་གོའི་བོད་རིགས་རང་སྐྱོང་ཁུལ10ཡི་ཡ་གྱལ་ཡིན་ཞིང་། 1953ལོར་བཙུགས་པ་ནས་བཟུང་ལོ་ངོ60རིང་གི་འཕེལ་རྒྱས་བརྒྱུད་པ་དང་། 2013ལོའི་སྤྱི་ཟླ8པར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་བཙུགས་ནས་ལོ་འཁོར60ལོན་པའི“སྐྱེས་སྐར”བསུས་འོང་པ་རེད།

རེན་མིན་ཞང་གིས་མཚམས་སྦྱོར་གནང་རྒྱུར། ཚོན་མདོག་སྣ་དགུའི་ཀན་ལྷོའི་ཤམ་བྷ་ལ་གནས་སྐོར་སྒྱུ་རྩལ་དུས་ཆེན་སྐབས་བཅུ་བཞི་བ་དང་རྨ་ཆུའི་སྐབས་བདུན་པའི་གེ་སར་རྟ་རྒྱུག་ཚོགས་ཆེན་གྱི་དམིགས་ཡུལ་ནི། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར60ལོན་པ་དགའ་བས་བསུ་ཞིང་། རྟ་རྒྱུག་ཚོགས་ཆེན་འདི་ལྟ་བུའི་སྟེགས་བུ་བསྐྲུན་ཏེ་ཁྱོན་ཡོངས་ནས་རྨ་ཆུའི་རིགས་སོ་སོའི་མང་ཚོགས་ཀྱིས་མཐུན་སྒྲིལ་མདུན་སྐྱོད་བྱེད་བཞིན་པ་མཚོན་པ་དང་། ཚོང་ལས་མ་རྩ་འདྲེན་པ་དང་དོན་དངོས་ཀྱི་ལས་ཀ་སྒྲུབ་པ། མཉམ་ལས་གཉིས་ཕན་ལྟར་འཕེལ་རྒྱས་འགྲོ་བའི་ཁོར་ཡུག་བསྐྲུན་ནས། རྨ་ཆུའི་མཚན་སྙན་གྲགས་དང་ཕྱི་ལ་སྒོ་འབྱེད་པའི་འགུག་ཤུགས་ཇེ་ཆེར་གཏོང་རྒྱུ་དེ་རེད།

རེན་མིན་ཞང་གིས་མཚམས་སྦྱོར་གནང་རྒྱུར། སྤྱི་ཟླ༨པའི་ཚེས༡༣ཉིན་གྱི་སྔ་དྲོར་རྨ་ཆུ་རྫོང་གི་གེ་སར་རྟ་རྒྱུག་ལྟེ་གནས་ནས། ཚོན་མདོག་སྣ་དགུའི་ཀན་ལྷོའི་ཤམ་བྷ་ལ་གནས་སྐོར་སྒྱུ་རྩལ་དུས་ཆེན་སྐབས་བཅུ་བཞི་བ་དང་རྨ་ཆུའི་སྐབས་བདུན་པའི་གེ་སར་རྟ་རྒྱུག་ཚོགས་ཆེན་འགོ་ཚུགས་པའི་མཛད་སྒོ་སྤེལ་རྒྱུ་ཡིན་ཞིང་། སྤྱི་ཟླ8པའི་ཚེས13ཉིན་གྱི་ཕྱི་དྲོར། རྨ་ཁུག་ཚོགས་ར་གཙོ་བོ་ནས་སྐབས་གཉིས་པའི་ནོར་གནག་དང་བོད་ལུག བོད་ཁྱི་འགྲེམས་སྟོན་དཔྱད་བསྡུར་བྱེད་པའི་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོ་སྤེལ་རྒྱུ་ཡིན་ལ། མིག་སྔར། འགྲན་ཚོགས་ཀྱི་ཐོག་མའི་གྲ་སྒྲིག་བྱ་བ་རིགས་སོ་སོ་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད་པ་རེད།

ཐེངས་འདིའི་རྟ་རྒྱུག་འགྲན་སྡུར་སྟེང་སྨི2000གི་མགྱོགས་འགྲན་ཡོད་པ་མ་ཟད། སྨི5000དང་སྨི10000ཅན་གྱི་ཤུགས་འགྲན་རྣམ་གྲངས་ཡོད་ལ། རྒྱལ་ཁ་ལོན་མཁན་ལ“རྨ་ཁུག་རྟ་མཆོག་བུམ་པའི”དྲན་རྟེན་བུམ་པ་དང་དཔང་ཡིག་སྟེར་བ་དང་། བོད་ཁྱི་འགྲེམས་སྟོན་འགྲན་བསྡུར་བྱེད་པའི་སྟེང་ནས“བོད་ཁྱི་གྲགས་ཅན་བཅུ”དང་། “རྨ་ཁུག་གི་བོད་ཁྱི་གྲགས་ཅན་བཅུ”གདམ་རྒྱུ་ཡིན་ལ། སོ་སོར“བོད་ཁྱི་གྲགས་ཅན་བཅུ”དང“རྨ་ཁུག་གི་བོད་ཁྱི་གྲགས་ཅན་བཅུ”ཡི་དྲན་རྟེན་བུམ་པ་དང་དཔག་ཡིག་སྟེར་རྒྱུ་རེད།

གནས་ཚུལ་རྒྱུས་ལོན་པ་ལྟར་ན། 2004ལོ་ནས་བཟུང་རྨ་ཆུ་རྫོང་གིས་སྔ་རྗེས་སུ་རྒྱལ་ཁའི་ངང་གེ་སར་རྟ་རྒྱུག་ཚོགས་ཆེན་སྐབས་དྲུག་སྤེལ་ཞིང་། སྔ་ཕྱིར་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་སོགས་ཉེ་མཐའི་ཞིང་ཆེན་ ཁུལ གྱི་རྫོང་དང་གྲོང་ཁྱེར25ཡི་རྟ་རྒྱུག་འགྲན་ཞུགས་པ་གང་མང་ཞུགས་པ་རེད། རྟ་རྒྱུག་ཚོགས་ཆེན་དེ་ཀན་སུའུ་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་ཀན་སུའུ་ཡི་དར་གོས་བཙོང་ལམ་སྟེང་གི་ལུས་རྩལ་སྦྱོང་བརྡར་བར་ཁྱམས་འཛུགས་སྐྲུན་བྱེད་པ་ལས། མིང་གྲགས་ལྡན་པའི་ལུས་རྩལ་འགྲན་བསྡུར་གྱི་རྣམ་གྲངས་ཤིག་ཏུ་བདམས་ཡོད་ལ། རྨ་ཆུ་རྫོང་ལ་རྒྱལ་ཁབ་ལུས་རྩལ་ཅུས་དང་ཀྲུང་གོའི་རྟ་རྩལ་ལྷན་ཚོགས་ཀྱིས“ཀྲུང་གོའི་རྟ་རྒྱུག་གི་ཕ་ས”ཞེས་པའི་མིང་བཏགས་ཡོད་ལ། རྨ་ཆུའི་རྟ་རྒྱུག་གི་གཞི་རྒྱ་དང་སྙན་གྲགས་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། ད་ལྟ་ཀྲུང་གོའི་ནུབ་རྒྱུད་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཆེས་གཞི་རྒྱ་ཆེ་བའི་ལུས་རྩལ་འགྲན་ཚོགས་དང་། ཐུན་མིན་ཁྱད་ཆོས་འཛོམས་པའི་མི་རིགས་རིག་གནས་ཀྱི་རྟགས་མཚན་དུ་གྱུར་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག