མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

«མི་དྲུག་གི་མདོ་དབུས»ཞེས་པའི་བརྗེ་རེས་ཞིབ་བསྡུར་ཚོགས་འདུ་ཀན་ལྷོ་ནས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-06-26 11:10

111.jpg

ཟླ6པའི་ཚེས20ཉིན། «མི་དྲུག་གི་མདོ་དབུས»ཞེས་པའི་བརྗེ་རེས་ཞིབ་བསྡུར་ཚོགས་འདུ་བསྡུས་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས20ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་། ཀན་སུའུ་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་རིག་རྩལ་གཞུང་ལུགས་ཞིབ་འཇུག་ཁང་། ཀན་སུའུ་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་བཅས་ཀྱིས་གཙོ་སྒྲུབ་གནང་བའི«མི་དྲུག་གི་མདོ་དབུས»ཞེས་པའི་བརྗེ་རེས་ཞིབ་བསྡུར་ཚོགས་འདུ་ཀན་ལྷོ་ཁུལ་བཱ་ཙེ་རྫོང་ཡེ་ལི་ཀོན་དུ་སྤེལ་ཞིང་། ཀན་སུའུ་ཞིང་ཆེན་དང་ཀན་ལྷོ་ཁུལ་གྱི་ཤེས་ཡོན་པ་དང་རྩོམ་པ་པོ། སྙན་ངག་པ་བཅས་མི50ལྷག་ཐེངས་འདིའི་ཚོགས་འདུར་ཞུགས།

    «མི་དྲུག་གི་མདོ་དབུས»ཞེས་པ་ནི་ཀན་ལྷོའི་སྙན་ངག་པའི་ཚིག་ལྷུག་སྙན་ངག་ལེགས་འདེམ་ཕྱོགས་བཏུས་ཤིག་ཡིན། ད་ལོའི་ཟླ4བར། འབྲི་ཆུ་རིག་རྩལ་དཔེ་སྐྲུན་ཁང་དང་འབྲི་ཆུ་པར་སྐྲུན་སྨྱན་སྤེལ་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། དེར་བཀྲ་ཤིས་ཚེ་རིང་སོགས་སྙན་ངག་པ་དྲུག་གི་ཚིག་ལྷུག་སྙན་ངག་ལེགས་འདེམ་བྱས་ཡོད།

    ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་མགོ་གཙོ་གཞོན་པ་ལི་ཁྲིན་གྱིས་གཏམ་བཤད་ཁྲོད་བསྟན་དོན། འདི་ནི་ཀན་ལྷོ་ཁུལ་རྩོམ་རིག་གསར་རྩོམ་རུ་ཁག་ཕྱོགས་ཡོངས་འཕེལ་རྒྱས་སུ་ཕྱིན་པའི་རྟགས་མཚན་ཞིག་དང་། ཀན་ལྷོའི་སྙན་ངག་པས་ཚིག་ལྷུག་དང་སྙན་ངག་གསར་རྩོམ་གྱི་ཐད་ནས་བླངས་པའི་གྲུབ་འབྲས་གལ་ཆེན་དུ་ངེས། ཞིབ་བསྡུར་ཚོགས་འདུ་དེ་བསྡུས་པའི་དམིགས་ཡུལ་གཙོ་བོ་ནི་ཀན་ལྷོའི་ཚིག་ལྷུག་སྙན་ངག་གསར་རྩོམ་གྱི་ལམ་ཕྱོགས་འཚོལ་ཞིབ་དང་གསར་རྙེད་བྱེད་པ་དང་། ཀན་ལྷོའི་རྩོམ་པ་པོ་དང་སྙན་ངག་པའི་བློ་བསྐྱེད་ལ་སྐུལ་ལྕག་གཏོང་ཞིང་། ཀན་ལྷོའི་རྩོམ་རིག་དང་སྒོས་སུ་ཀན་ལྷོའི་ཚིག་ལྷུག་སྙན་ངག་གསར་རྩོམ་གྱི་ལྟ་སྟངས་དང་བསམ་ཕྱོགས་བརྗེ་རེས་དང་ཞིབ་བསྡུར་བྱེད་པ་དེ་ཡིན།

    «མི་དྲུག་གི་མདོ་དབུས»ཞེས་པའི་གཙོ་སྒྲིག་པས་དཔེ་ཆ་འདི་རྩོམ་སྒྲིག་བྱས་པའི་ཐོག་མའི་དམིགས་འདུན་དང་རྩོམ་སྒྲིག་གོ་རིམ་མཚམས་སྦྱོར་བྱས་པར་མ་ཟད། ཀན་ལྷོའི་ཚིག་ལྷུག་སྙན་ངག་གསར་རྩོམ་གྱི་མིག་སྔའི་གནས་བབ་ཐད་ནས་སྤྱི་བསྡོམས་གནང་། ལེགས་བདམས་སྙན་ངག་པ་གཞན་རྣམས་ཀྱིས་ཀྱང་སོ་སོའི་རྩོམ་རིག་གསར་རྩོམ་གྱི་ལག་ལེན་དང་ཉམས་མྱོང་སོགས་བརྗོད་པ་དང་། ཀན་ལྷོའི་ཚིག་ལྷུག་སྙན་ངག་གསར་རྩོམ་ཐད་ནས་བླངས་པའི་གྲུབ་འབྲས་སྤྱི་བསྡོམས་བྱས།

    ཧུའུ་ནན«ཚིག་ལྷུག་སྙན་ངག»དུས་དེབ་རྩོམ་སྒྲིག་འགན་ཁུར་བ་ཁྲིན་ཤུའུ་མེན་གྱིས་བཤད་རྒྱུར། «མི་དྲུག་གི་མདོ་དབུས»ཞེས་པའི་དཔེ་དེབ་པར་བསྐྲུན་འགྲེམ་སྤེལ་གནང་བ་འདི་ནི་ཀྲུང་གོའི་ནུབ་རྒྱུད་ཀྱི་ཚིག་ལྷུག་སྙན་ངག་གསར་རྩོམ་གྱི་གྲུབ་འབྲས་ཆེན་པོ་ཞིག་ཡིན་ཞིང་། འདིའི་ཁྲོད་ཀྱི་བརྩམས་ཆོས་དག་འཚོ་བ་དངོས་དང་ཤིན་ཏུ་ཉེ་བ་དང་། ཀན་ལྷོའི་སྙན་ངག་པ་དག་གིས་འདི་ལྟ་བུའི་ཀན་ལྷོའི་རྣམ་པ་གསར་བ་དང་མདོ་དབུས་ཀྱི་རྣམ་པ་གསར་བ་ཀློག་པ་པོ་རྣམས་ཀྱི་མིག་གི་དགའ་སྟོན་དུ་བཤམས་པར་དངོས་གནས་ཡི་རང་དང་གོང་བཀུར་ཞུས་པར་མ་ཟད«ཚིག་ལྷུག་སྙན་ངག»དུས་དེབ་ཀྱིས་སྔར་བཞིན་ཀན་ལྷོའི་ཚིག་ལྷུག་སྙན་ངག་གསར་རྩོམ་རུ་ཁག་ལ་དོ་སྣང་དང་རྒྱབ་སྐྱོར། ད་དུང་ཀན་ལྷོའི་སྙན་ངག་པ་མཚམས་སྦྱོར་བྱེད་ངེས་ཡིན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག