ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། «ཀན་ལྷོའི་བོད་རིགས་དམངས་གླུ་ཕྱོགས་བསྒྲིགས»ཀྱི་མ་ཟིན་ལྔ་བ་རྩོམ་སྒྲིག་བྱས་ནས་ཉེ་ལམ་པར་བསྐྲུན་འགྲེམ་སྤེལ་བྱེད་གྲབས་ཡོད་ལ། དེའི་ཁྲོད་དུ་གླུ་དང་ལ་གཞས། མགུར། བྲོ་གླུ་བཅས་པོ་ཏི་བཞི་ཡོད་པ་དང་། པར་རིས་ཀྱང་མང་པོ་བཀོད་འདུག
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཁང་གི་འགན་ཁུར་པས་བཤད་རྒྱུར། ཀན་ལྷོ་ཁུལ་ལ་མཚོན་ན་ཡུལ་ཁོངས་སོ་སོའི་བར་གྱི་ཡུལ་སྐད་བར་ཁྱད་པར་ཅུང་ཆེ་ཞིང་། བསང་ཆུ་དང་རྨ་ཆུའི་ཕྱོགས་དང་། འབྲུག་ཆུ་དང་ཐེ་བོ་ཕྱོགས་ཀྱི་དམངས་གླུ་ལ་ཐུན་མིན་གྱི་ཁྱད་ཆོས་ལྡན་པས། ཕྱོགས་སོ་སོ་ནས་ཡུལ་ཁོངས་སོ་སོའི་རིག་གནས་ཀྱི་ཁྱད་ཆོས་མངོན་པར་མཚོན་ཐུབ།
ཀན་ལྷོ་ཁུལ་རིག་གནས་ཁང་གིས2007ལོ་ནས་བཟུང་ཡུལ་སོ་སོ་ནས་རྒྱུ་ཆ་འཚོལ་བསྡུ་བྱས་ནས་བསྡོམས་པས་དམངས་གླུ1200འཚོལ་བསྡུ་བྱས་པ་དང་། དེའི་ཁྲོད«ཀན་ལྷོའི་བོད་རིགས་དམངས་གླུ་ཕྱོགས་བསྒྲིགས»ཞེས་པའི་ནང་དུ་དམངས་གླུ་བདུན་བརྒྱ་དང་བརྒྱད་ཅུ་བཀོད་ཡོད།