མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

《རྨ་ཆུ་རྫོང་རྨ་ཁུགས་ལ་བོའི་རིག་གནས་དང2012ནས2020ལོའི་ཐོན་ལས་འཕེལ་རྒྱས་འཆར་འགོད》ལ་ཞིང་ཆེན་རིམ་པའི་ཞིབ་བཤེར་ཐོབ།

རྩོམ་པ་པོ། ཚེ་དོན་དང་རཏན།  ཡོང་ཁུངས། རྨ་ཆུ་རྫོང་དྲིལ་སྒྲོག་ཅུའུ།  2012-06-14 09:58

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྨ་ཁུགས་ལ་བོའི་ཕ་སའི་རིག་གནས་ཚོང་རྟགས་ཀྱི་གྲགས་པ་ཇེ་ཆེར་གཏོང་ཆེད་དང་རྨ་ཁུགས་ལ་བོའི་རིག་གནས་ཐོན་ལས་སྔར་བས་ཇེ་རྒྱས་སུ་གཏོང་ཆེད། 2012ལོའི་ཟླ6པའི་ཚེས8ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་རྨ་ཁུགས་ལ་བོའི་རིག་གནས་དང2012ནས2020ལོའི་ཐོན་ལས་འཕེལ་རྒྱས་འཆར་འགོད་ལ་ཞིང་ཆེན་རིམ་པའི་ཞིབ་བཤེར་བྱེད་པའི་ཚོགས་འདུ་དེ་ལན་ཀྲིག་ནས་ཚོགས། ཞིབ་དཔྱད་ཚོགས་འདུ་ལ་ཞིང་ཆེན་ཞིང་འབྲོག་ཐིན་གྱིས་རྩ་འཛུགས་དང་འགོ་འཛིན་བྱས། ཞིང་ཆེན་ཞིང་ལས་སློབ་ཆེན་དང་། ནུབ་བྱང་མི་རིགས་སློབ་ཆེན། ཀྲུང་གོ་ཞིང་ལས་ཚན་རྩལ་སློབ་གླིང་ལན་ཀྲིག་ཕྱུགས་སྨན་སའོ། ཞིང་ཆེན་འཕེལ་བཅོས་ཨུ། ཞིང་ཆེན་ཞིང་འབྲོག་ཐིན། ཀན་ལྷོ་ཁུལ་ཞིང་ཕྱུགས་ཅུའུ། རྨ་ཆུ་རྫོང་ཨུ་དང་རྫོང་སྲིད་གཞུང་། རྨ་ཁུགས་རྟ་རའི་འབྲེལ་ཡོད་འགོ་ཁྲིད་དང་ཆེད་མཁས་བཅས་ཞིབ་དཔྱོད་ཚོགས་འདུར་ཞུགས།

ཚོགས་ཐོག་ཏུ་རྨ་ཆུ་རྫོང་གི་འགན་ཁག་བློ་མཐུན་གྱིས་རྨ་ཆུ་རྫོང་གི་རྨ་ཁུགས་ལ་བོའི་འཕེལ་རྒྱས་གནས་ཚུལ་ཡར་ཞུ་བྱས་པ་དང་རྩོམ་སྒྲིག་ཁང་གི་འཐུས་མིས《རྨ་ཆུ་རྫོང་རྨ་ཁུགས་ལ་བོའི་རིག་གནས་དང2012ནས2020ལོའི་ཐོན་ལས་འཕེལ་རྒྱས་འཆར་འགོད》ཀྱི་རྩོམ་སྒྲིག་བྱས་ཚུལ་ཡར་ཞུ་བྱས། ཆེད་མཁས་ཚོགས་པས་ཞིབ་དཔྱད་ནན་ཏན་བྱས་པ་བརྒྱུད་ནས་ཐེངས་འདིའི་འཆར་འགོད་དེ་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་བོད་ཀྱི་ལ་བོའི་ཐོན་ལས་འཕེལ་རྒྱས་ཀྱི་རེ་འདུན་དང་འཚམ་པ་མ་ཟད། མཐོ་སྒང་ས་ཁུལ་གྱི་ཁྱི་རྒྱུད་སྲུང་སྐྱོབ་དང་ཐོན་ལས་ཅན་གྱི་གསར་སྤེལ་དང་ཁྱད་ལྡན་ཡུལ་སྐོར་ཐོན་ལས་གསར་སྤེལ་བྱེད་པའི་ཕ་ཕྱོགས་དང་མཐུན་ལ། བོད་ཀྱི་ཁྱད་ཆོས་དང་ལ་བོའི་ཁྱད་ཆོས་མངོན་གསལ་དུ་བཏང་སྟེ་རྨ་ཆུའི་ཕྱུགས་ལས་ཐོན་སྐྱེད་ཁྱད་ཆོས་ཅན་དུ་འཕེལ་རྒྱས་གཏོང་བར་དོན་སྙིང་གལ་ཆེན་ལྡན་འདུག་ཅེས་བསྟན་འདུག ཞིབ་དཔྱོད་བརྒྱུད་ནས་ཆེད་མཁས་ཚོགས་པས་འཆར་འགོད་དེ་མ་འོངས་བའི་དུས་རིམ་ཅིག་གི་ནང་དུ་རྨ་ཁུགས་ལ་བོའི་འཕེལ་རྒྱས་ཐོན་ལས་གསར་སྤེལ་བྱེད་པའི་མ་ཕྱི་གཙོ་བོ་ཞིག་ཏུ་འཛིན་དགོས་པ་དང་། རྨ་ཆུ་རྫོང་གི་ལ་བོའི་རིག་གནས་དང་ཐོན་ལས་འཕེལ་རྒྱས་རྒྱུད་འཛིན་དར་སྤེལ་བྱེད་པ། མི་རིགས་རིག་གནས་འཕེལ་རྒྱས་དང་ཐོན་རྫས་ཉོ་འཚོང་འཕེལ་རྒྱས་བཅས་ཀྱི་ཐད་ལ་ཤུགས་རྐྱེན་ཐེབས་ངེས་པས་འབྲེལ་ཡོད་ལས་ཁུངས་ཀྱིས་གང་མྱུར་སྒོས་འཐུས་ཚང་དུ་བཏང་ནས་ལག་བསྟར་བྱེད་དགོས་ཞེས་གཅིག་མཐུན་དུ་བསྟན། །