མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

གསེར་ཐོན་སྐྱེད་བྱ་རྒྱུ་དེ་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་བཟོ་ལས་དཔལ་འབྱོར་གྱི་འདེགས་སྐྱོར་གསར་བར་གྱུར་བ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། ཀན་ལྷོ་རླུང་འཕྲིན་ལས་ཁུངས།  2012-05-31 11:08

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ཆར་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་སྔོན་གྱི་ཟླ་བཞི་རིང་གཙོས་གྲོང་ཁྱེར་གྱི་གསེར་ཐོན་ལས་རིམ་གྱིས་ཇེ་བཟང་དུ་སོང་ཞིང་། རིམ་བསགས་ཀྱིས་བརྩིས་ན་གསེར་ཐོན་ཚད་སྟོང་ཁེ435ལེགས་འགྲུབ་བྱུང་བ་དང་། དུས་མཉམ་ལས157.39%འཕར་ལ། འཕར་སྣོན་རིན་ཐང་སྒོར་ཁྲི7193ལེགས་འགྲུབ་བྱུང་བ་དང་། དུས་མཉམ་ལས182.63%འཕར། གཞི་ཁྱོན་ཡན་ཆད་ཟིན་པའི་བཟོ་ལས་ཀྱི་འཕར་སྣོན་རིན་ཐང་གི་བསྡུར་ཚད་མངོན་གསལ་གྱིས་ཇེ་བཟང་དུ་སོང་བ་དང62.39%ལ་སླེབས་ཡོད། གསེར་ཐོན་ལས་ཀྱི་མངའ་ཁོངས་དཔལ་འབྱོར་གྱི་སྐུལ་ཁྲིད་ནུས་པ་ཉིན་རེ་ལས་ཇེ་བཟང་དུ་སོང་བས། གཙོས་གྲོང་ཁྱེར་གྱི་དཔལ་འབྱོར་འཕར་གནས་གསར་བར་གྱུར་ཡོད།

རྒྱུས་ལོན་པ་ལྟར་ན། རྒྱུ་རྐྱེན་གསུམ་གྱིས་གཙོས་གྲོང་ཁྱེར་གྱི་གསེར་ཐོན་ལས་མྱུར་ དུ་འཕར་སྣོན་ཡོང་བར་ཡར་སྐུལ་བཏང་བ་སྟེ། གཅིག་ནས་ཐོན་ཁོངས་ཀྱི་རྒྱུ་རྐྱེན། གཙོས་གྲོང་ཁྱེར་གྱི་ཁྱད་འཕགས་ས་གཤིས་སྒྲིག་གཞིའི་ནང་དུ་ཕུན་སུན་ཚོགས་པའི་གཏེར་རྫས་ཐོན་ཁུངས་ཡོད་པ། གཉིས་ནས་རིན་གོང་གི་རྒྱུ་རྐྱེན། དམིགས་བསལ་གྱི་ཚོང་རྫས་ཤིག་ཡིན་པའི་ཆ་ནས་གསེར་གྱིས་ཁྱིམ་ཚང་གི་རྒྱུ་ནོར་དང་དངུལ་གཏོང་། འཛད་སྤྱོད་བཅས་ཁྲོད་ཀྱི་ནུས་པ་ཉིན་རེ་ལས་ཇེ་བཟང་དུ་སོང་བ། གསུམ་ནས་མ་རྩའི་རྒྱུ་རྐྱེན། ན་ནིང་། དངུལ་གཏོང་སྒོར་དུང་ཕྱུར1.3ལྷག་གི་བསྐྱར་བཟོ་དང་རྒྱས་སྐྲུན་གྱི་ལས་གཞི་འཛུགས་སྐྲུན་བྱས་པ་མ་ཟད་ལོ་དེར་བེད་སྤྱོད་བྱས་ཏེ། གསེར་ཐོན་སྐྱེད་ལ་ཅུང་བཟང་བའི་ཐོན་སྐྱེད་ཁོར་ཡུག་འདོན་སྤྲོད་བྱས་པ་དང་སྔར་ལས་གསར་སྤེལ་ཐོན་སྐྱེད་ལ་རྨང་གཞི་བརྟན་པོ་བཏིང་བ་རེད། །