མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

རྨ་ཆུ་རྫོང་གིས་རྫོང་ཡོངས་ཀྱི་གཞུང་ཡིག་པའི་རྩོམ་འབྲི་གསོ་སྦྱོང་འཛིན་གྲྭ་བསྡུས།

རྩོམ་པ་པོ། ཚེ་དོན་དང་རཏན།  ཡོང་ཁུངས། རྨ་ཆུ་རྫོང་དྲིལ་སྒྲོག་ཅུའུ།  2012-05-25 11:11

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྫོང་ཡོངས་ཀྱི་ཀུན་སྤྱོད་དར་སྤེལ་དང་ཕན་ནུས་མཐོར་འདེགས་བྱེད་པའི་བྱ་འགུལ་སྔར་བས་ཇེ་རྒྱས་སུ་གཏོང་ཆེད་དང་རྫོང་ཡོངས་ཀྱི་གཞུང་ཡིག་པའི་རྩོམ་འབྲིའི་ཆུ་ཚད་དང་བྱ་བའི་ནུས་པ་ཇེ་བཟང་དུ་གཏོང་ཆེད་དུ། ཉེ་ལམ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གིས་རྫོང་ཡོངས་ཁྱབ་ཁོངས་ཀྱི་ཉིན་གཅིག་གི་གཞུང་ཡིག་པའི་རྩོམ་འབྲི་དང་གསང་ཡིག་ཤེས་བྱའི་གསོ་སྦྱོང་འཛིན་གྲྭ་བསྡུས། རྫོང་ཡོངས་ཀྱི་ཤང་གྲོང་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་སྡེ་ཁག་སོ་སོའི་གཞུང་ཡིག་རྩོམ་འབྲི་བ་མི180ལྷག་གསོ་སྦྱོང་འཛིན་གྲྭར་ཞུགས།

སློབ་ཁྲིད་ཀྱིས་བསྟན་དོན། གཅིག་ནས་སློབ་སྦྱོང་ནན་ཏན་གྱིས་གཞུང་ཡིག་སྣ་ཚོགས་ཀྱི་རྣམ་བཞག་ཚད་ལྡན་ཡིན་དགོས། གཉིས་ནས་ཐོས་བསམ་མང་དུ་བསྐྱེད་ནས་ཉམས་མྱོང་སྣ་མང་བསགས་དགོས། གསུམ་ནས་དུས་ཐོག་དང་དོན་དངོས་ཀྱི་བླང་བྱ་ནན་མོ་ཡིན་དགོས། བཞི་ནས་ཚིག་གནད་དུ་འཁེལ་ཞིང་འོས་འཚམ་ཡིན་དགོས་པ་དང་གསར་གཏོད་ཀྱིས་ཕྱུག་དགོས། ལྔ་ནས་ཐག་གཅོད་གང་ལེགས་དང་ཉར་གསོག་འཐུས་ཚང་ཡིན་དགོས། དྲུག་ནས་སྒྲིག་ལུགས་བརྩི་སྲུང་དང་གསང་ཚུགས་བརྟན་མོ་ཡིན་དགོས་པ་བཅས་ཀྱི་བླང་བྱ་རེ་རེ་བཞིན་ནན་གྱིས་བསྟན་པ་མ་ཟད། ཡིག་ཆ་དང་བརྡ་འཕྲིན་སྣ་ཚོགས་ཀྱི་ཡར་ཞུ་དང་སྐྱེལ་རེས། བྱ་བའི་དུས་རྣམ། ཡིག་ཆ་དོ་དམ། གནད་ཆེའི་ཡིག་ཆའི་རིགས་ཀྱི་རིམ་པའི་ཡར་ཞུ་བཅས་ཀྱི་ཕྱོགས་ནས་དང་དོད་གཟབ་ནན་བྱེད་དགོས་པའི་སྐོར་ལ་གསལ་བཤད་དང་འཆད་ཁྲིད་རྒྱས་པ་བྱས། དེ་མིན་གཞན་གཞུང་ཡིག་རྩོམ་འབྲི་བའི་བསམ་བློའི་བྱང་ཚད་དང་གོ་རྟོགས་སོགས་ཀྱི་ཐད་ནས་ཀྱང་ཕྱོགས་བརྒྱད་ནས་བླང་བྱ་ནན་མོ་བཏོན། གསོ་སྦྱོང་བརྒྱུད་ནས་གཞུང་ཡིག་རྩོམ་འབྲིའི་ཐད་ལ་ངོས་ཟིན་ཟབ་མོ་དང་གོ་རྟོགས་གསལ་པོ་བྱུང་བ་མ་ཟད་རྩོམ་འབྲིའི་ནུས་པ་དང་ཤེས་བྱའི་ཚུ་ཚད་ནས་ཀྱང་སྔར་བས་ཇེ་བཟང་དུ་སོང་ཡོད།