མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་སུའུ་ཞིང་ཆེན་བོད་ཁུལ་གྱི་རོང་འབྲོག་སྡེའི་སློབ་གྲྭ་འབྲིང་ཆུང་གི་སློབ་མས་བཅུད་ལྡན་གྱི་ཟ་མ་ཟ་ཐུབ་པ་བྱུང་བ།

རྩོམ་པ་པོ། ཚེ་རིང་སྒྲོལ་མ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2012-05-21 11:42

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ལམ་ཀན་སུའུ་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་ནས་ཤེས་པའི་གནས་ཚུལ་ལྟར་ན། ཞིང་སྡེའི་འོས་འགན་སློབ་གསོའི་དུས་སྐབས་ཀྱི་སློབ་མས་བཅུད་ལྡན་གྱི་ཟ་མ་ཟ་ཐུབ་པའི་འཆར་གཞི་ཕྱོགས་ཡོངས་ནས་མགོ་བརྩམས་རྗེས། སློབ་མ་རེར་ཉིན་རེར་སྒོར་མོ3གྱི་ཁ་གསབ་བྱེད་པའི་ཚད་གཞི་ལྟར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་མ་དངུལ་སྒོར་མོ་ཁྲི1317བཏང་སྟེ་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བཅུད་ལྡན་ཟ་མ་ལེགས་བཅོས་བྱེད་པའི་ཐད་བཀོལ་བ་དང་། དེས་བོད་ཁུལ་གྱི་རོང་འབྲོག་སྡེའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ87788ཀྱིས་བཅུད་ལྡན་ཟ་མ་ཟ་ཐུབ་པར་མཐུན་རྐྱེན་བཟང་བོ་བསྐྲུན།

རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན།2007ལོ་ནས་བཟུང་། ཀན་སུའུ་ཞིང་ཆེན་གྱིས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འོས་འགན་སློབ་གསོའི་དུས་སྐབས་ཀྱི་བཅའ་སྡོད་སློབ་མའི་འཚོ་བའི་གྲོན་དངུལ་ཐད་ལ་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་ཏེ། 2007ལོ་ནས2010ལོའི་བར་དུ། སློབ་མ་རེར་ལོ་རེར་སྒོར་མོ1200ཡི་ཚད་གཞི་ལྟར་འཚོ་བའི་གྲོན་དངུལ་བྱིན་པ་དང་། 2011ལོར། ཀན་སུའུ་ཞིང་ཆེན་གྱིས་སློབ་མ་རེར་ལོ་རེར་ཁ་གསབ་བྱེད་པའི་སྒོར་མོ1400ཇེ་མཐོར་བཏང་།

ད་ལོར། ཀན་སུའུ་ཞིང་ཆེན་གྱིས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འོས་འགན་སློབ་གསོའི་དུས་སྐབས་ཀྱི་བཅའ་སྡོད་སློབ་མ་ཁྲི8.8སྟེར་ཐེངས་གཅིག་གིས་འཚོ་བའི་ཁ་གསབ་གྲོན་དངུལ་སྒོར་མོ་དུང་ཕྱུར1.5བྱིན་པ་དང་། སློབ་མ་རེར་ལོ་རེར་སྒོར་མོ1885ཁ་གསབ་བྱས་ལ། དེ་འོས་འགན་སློབ་གསོའི་དུས་སྐབས་ཀྱི་བཅའ་སྡོད་སློབ་མ་ཡོད་ཚད་ལ་སྟེར་བཞིན་ཡོད། །