མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།

མདོ་ཁམས་སུ་ཆེས་སྔ་གྲས་ཀྱི་རྟེན་བྱིན་རླབས་ཅན་མཆོད་རྟེན་དྲིལ་གསིལ་མ།

རྩོམ་པ་པོ། མེ་བརྒྱ་སངས་རྒྱས་དོན་འགྲུབ།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2012-08-03 17:12

 

མདོ་སྨད་རྟེན་རྫོང་ཞེས་གངས་ཅན་ལྗོངས་ལ་ཡོངས་སུ་གྲགས་པའི་གངས་ཅན་ཁ་བ་ཅན་ཆ་གསུམ་དུ་ཕྱེ་བའི་ཞིང་མདོ་ཁམས་སྨད་ཀྱི་ཆ་བ་ཡན་ཧ་རའི་ཚུར་ལྟའི་ཆུ་ཐམས་ཅད་ཕྱོགས་འདྲེས་ཀྱིས་རྨ་གཡང་ཕྱུག་མོའི་གཞུང་དུ་འབབ་པསརྒྱ་གར་ཆུ་བོ་གངྒྰ་གཉིས་པ་ཡན་ལག་བརྒྱད་ལྡན་གྱི་ཀླུང་ཆེན་དལ་གྱིས་འབབ་པའི་ནང་ལུང་།ཆོས་རྒྱལ་ཁྲི་རལ་དང་མཁས་པ་མི་གསུམ།  ཆོས་རྗེ་ས་པཎ།  རྒྱ་གར་དམ་པ་སོགསཀྱིས་གནས་འདི་ཞབས་ཀྱིས་བཅག་པའི་ཁྲི་ཀ་གསེར་མིག་ལྗོངས་ཞེས་ཡོངས་སུ་གྲགས་པ་རུ།ཤར་ཕྱོགས་ན་སྲིན་པོའི་རི་བོ་རྔམ་ཞིང་བརྗིད་ལ།ལྷོ་ཕྱོགས་སུ་བྲག་དཀར་ཀྱི་རྩེ་མོ་དགུང་དུ་སྙེགས་པནུབ་ཕྱོགས་སུ་རྨ་ཀླུང་དལ་འགྲོ་རིང་མོ་གཡས་སྐོར་གྱི་ཚུལ་དུ་རྒྱུ་བ།བྱང་ཕྱོགས་ན་ཨ་མ་ཟོ་དགུའི་རི་བོ་རྒྱལ་མཚན་སྒྲེང་བ་ལྟར་གཏན་ཅིང་བརྗིད་ཆགས་པར་གནས་སོ། 

སྔོན་སྲིད་པ་ཆགས་ཏེ་འགྲོ་བ་མིའི་རིགས་བྱུང་བ་ནས་བཟུང་། ཁྲི་ཀ་ས་ཆ་ནི་བོད་རིགས་འཚོ་སྡོད་བྱེད་སའི་གནས་ཤིག་ཡིན་པ་སྙོམས་དུ་མེད་ལ།མི་རིགས་གཞན་དང་གཞན་ལ་ཚོང་འདྲིས་བྱེད་པ་དང་།འབྲེལ་འདྲིས་བྱེད་སའི་ལྟེ་གནས་ཤིག་ཏུ་གྱུར་ཡོད་པ་སྟེ། གདུགས་དཀར་ཚེ་རིང་གིས་བརྩམས་པའི་བོད་རིག་པའི་དཔྱད་འབྲས་ཐོར་བུ་ལས།ཏུན་ཧོང་གཏེར་ཡིག་ཏུ། རྨ་ཆུའི་སྨད་རྒྱུད་དུ་གནས་པའི་ཁྲི་ཀ་བྱ་བ་དེ་བོད་བཙན་པོའི་དུས་སུ་ཙོང་ཁའི་སྡེ་ཁམས་ལ་གཏོགས་ཤིང་། རྒྱའི་ལོ་རྒྱུས་དེབ་ཐེར་ནང་ཁོ་ཀྲིག་(郭州ཟེར་བ་དེའི་ཁོངས་ཡིན་ལ། སྐབས་དེའི་བོད་ཀྱི་ཆབ་སྲིད་དང་རིག་གནས། ཆོས་ལུགས་བཅས་ཀྱི་རྟེན་གཞི་གལ་ཆེན་ཞིག་ཡིན། ཕྱིས་སུ་ཁྲི་ཀ་གོང་འོག་ཏུ་ཕྱེ་ནས་སུམ་པ་འགག་གི་མན་ཆད་ཨན་ཆུང་དང་བྱ་ཁྱུང་། ཞོ་ཕོང་། སྣང་ར། གཅན་ཚ་སོགས་ལ་ཁྲི་ཀ་འོག་མར་འབོད་ཅིང་། ད་ལྟའི་ཁྲི་ཀ་རྫོང་གི་ཁོངས་ལ་ཁྲི་ཀ་གོང་མར་འབོད་བཅས་པ་དང་། ཁྲི་ཀའི་ལོ་རྒྱུས་སུའང་། འབྲེལ་ཡོད་དཔྱད་ཡིག་གཞིར་བཟུང་ནས་གསུངས་བ་ལྟར་ན།ཡོན་རྒྱལ་རབས་ཀྱི་ཀྲི་ཡོན་ཁྲི་ལོ་བརྒྱད་པར་(སྤྱི་ལོ་༡༢༧༡ལོར)贵德ཀྲིག་བཙུགས་པ་དང་། མིང་རྒྱལ་རབས་ཀྱི་ཧུང་ལྭུའུ་ཁྲི་ལོ་བརྒྱད་པརསྤྱི་ལོ1375ལོར)归德་ཀྲིག་ནི་归德守御千户所ཞེས་པར་བསྒྱུར་ཅིང་། ལིན་ཐའོ་བོད་སྐད་ཀྱིས་འབུ་ཤིང་ཀུན་ཟེརཧྥུའུ་ཧི་ཀྲིག་བོད་སྐད་དུ་ལིན་ཞ་རུ་འབོདལྭེ་སོགས་མངའ་ཁོངས་དུ་གཏོགས། ཆིང་རྒྱལ་རབས་ཆན་ལུང་ཁྲི་ལོ་གསུམ་པར་སྤྱི་ལོ1738ལོར་)归德ནི་ཟི་ལིང་ཧྥུའུ་ཡི་མངའ་ཁོངས་སུ་སྦྱར་བ་སོགས་ཁྲི་ཀ་ཞེས་པ། གནའ་ནས་བཟུང་བོད་ཀྱི་མི་བུ་རིགས་བཞིའི་རིགས་རྒྱུད་གང་རུང་ལས་མཆེད་པའི་སྤྱང་རིགས་ཀྱི་ཕ་ས་ཕ་ཡུལ་ཡིན་པར་བཤད་ཅིང་། བོད་བཙན་པོའི་སྐབས་དེར།མདོ་སྨད་འདི་རུ་འ་ཞ་སྟོང་སྡེ་དྲུག་དང་མཐོང་ཁྱབ་ཁྲི་སྡེ་ཟེར་བ་བཙུགས་པའི་དུས་སུ། མཐོང་ཁྱབ་ཁྲི་སྡེའི་ཁྲི་དཔོན་གྱི་གཞིས་ཀའམ་སྲིད་འཛིན་ལྟེ་གནས་ནི། ད་ལྟའི་ཁྲི་ཀ་རྫོང་སྲིད་གཞུང་གནས་ཡུལ་འདིར་བཙུགས་མྱོང་བར་གྲགས་པས་ན་རྫོང་འདིའི་མིང་ལའང་ཁྲི་ཀ་རུ་ཐོགས་པར་བཤད།

དེ་བས་ད་ལྟ་མིང་རྒྱལ་རབས་ཀྱི་གོང་མ་མིང་ཐའེ་ཙུའུ་ཀྲུའུ་ཡོན་ཀྲང་གི་ཧུང་ལྭུའུ་ཁྲི་ལོ་བདུན་པ་ནས་བཅུ་གསུམ་གྱི་བར་ཏེ། སྤྱི་ལོ1374ནས1380ལོའི་སྐབས་སུ་བསྐྲུན་པའི་མཁར། ད་དུང་གནའ་བོའི་གནས་ཤུལ་གྲགས་ཅན་ཁྲི་ཀའི་མཁར་རྙིང་གི་ཤུལ་དང་། བོད་བཙན་པོའི་རྒྱལ་རབས་ཞེ་གཅིག་པ་མངའ་བདག་ཁྲི་རལ་གྱི་དབུ་སྐྲ་ནང་གཞུགས་བྱས་པའི་རྟེན་བྱིན་རླབས་ཅན་མི་ཉག་མཆོད་རྟེན། ལྷ་དཀར་པོ་བྱམས་པ་རང་བྱོན། བལ་བཟའ་ཁྲི་བཙུན་གྱིས་བཞེངས་པའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་གཉིས་སུ་མེད་པའི་ཁྲི་ཀའི་ཇོ་ཇོ་ལྷ་ཁང་། གདོང་སྣེ་ཐུགས་རྗེ་ཆེན་པོ་སོགས་མང་པོ་གནས་འདིར་བཞུགས་པས། སྤྱི་ལོ2005ལོ་ནས་བཟུང་ཁྲི་ཀའི་ཡུལ་འདི་མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་ལྗོངས་རྒྱུའི་ལྟེ་གནས་དང་། སྤྱི་ལོ2010ལོར་རྒྱལ་ཁབ་རིམ་པའི་4Aཡུལ་སྐོར་ས་ཁུལ་དུ་བསྒྱུར་ཏེ། ཁྲི་ཀ་རྫོང་གི་རིག་གནས་སྲུང་སྐྱོབ་དང་། ས་གནས་མང་ཚོགས་ཀྱི་འབྱོར་བ་གོང་འཕེལ། མི་རིགས་སོ་སོའི་མཐུན་སྒྲིལ་གཞི་རྩ་རུ་བཟུང་ནས་རྫོང་སྲིད་གཞུང་དང་རྫོང་རིག་གནས་ཅུའུ། རྫོང་སྲིད་གྲོས། ཁུལ་རིམ་པ་དང་ཞིང་ཆེན་འབྲེལ་ཡོད་ལས་ཁུངས་སོགས་ནས་འཛུགས་སྐྲུན་རྒྱ་ཇེ་ཆེ་དང་ཡོང་སྒོ་ཇེ་མང་དུ་བཏང་སྟེ། སྔར་ལས་ཕྱུག་འགྱུར་དང་འཆམ་མཐུན། ཞི་བདེ་ཕྱོགས་ལ་འབད་བཞིན་ཡོད། ལྷག་པར་དུ་རྫོང་སྲིད་གཞུང་ནས་སྤྱི་ལེ29ཡོད་པའི་འཕྲང་དམར་མེ་བརྒྱ་སྡེ་བའི་བྱང་ཕྱོགས་མཆོད་རྟེན་སྐེ་རུ་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས་བདག་ཅག་རྣམས་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་དུ་ཐོབ་པ། དུས་རབས་བཅུ་བར་གྲུབ་པའི་དབང་ཕྱུག་ཕ་དམ་པ་སངས་རྒྱས་ཀྱི་ཕྱག་མཁར་གཙོ་བོར་མཛད་པའི་མཆོད་རྟེན་དྲིལ་གསིལ་མདམ་པ་རྒྱ་གར་རི་བོ་རྩེ་ལྔར་ཕེབས་སྐབས་མདོ་སྨད་ཁྲི་ཀའི་གནས་འདིར་བྱོན།  ནམ་མཁར་འཕུར་བ་སོགས་རྫུ་འཕྲུལ་སྣ་ཚོགས་བསྟན་པ་རྒན་པོ་ཞིག་གིས་མཐོང་། ཁོ་དད་དེ་བསྙེན་བཀུར་ཞུས། རྣལ་འབྱོར་བའི་དབྱུག་པ་རྟེན་སྐལ་དུ་བཞག  དེ་དང་སངས་རྒྱས་བྱང་སེམས་དུ་མའི་སྐུ་གདུང་། ཆོས་སྐུའི་རིང་བསྲེལ་མང་དུ་བསགས་པ་ནང་བཞུགས་ཀྱི་མཆོད་རྟེན་བཞེངས། རྣལ་འབྱོར་བ་ཆོས་གཡུང་དྲུང་བྱ་བས་རབ་གནས་མཛད། མཆོད་འབུལ་སྨོན་ལམ་གནང་བས་འཇའ་དང་མེ་ཏོག་གི་ཆར་དང་ངོ་མཚར་བའི་ལྟས་བྱུང་། ལོ་རྒྱུས་རྣམས་མངོན་ཤེས་ཀྱིས་གཟིགས་ནས་གསུངས་བ་ལུ་ཀྱྰ་དཔོན་པོ་ཤེས་རབ་དཔལ་བཟང་གི་དཀར་ཆག་ལས་བྱུང་ཡོད་པ་དང་། ནམ་མཁའ་ལས་དྲིལ་ཆུང་གི་སྒྲ་བྱུང་བར་ཡུལ་མི་རྣམས་ཀྱིས་བལྟས་པས་ཕ་དམ་པ་རྫུ་འཕྲུལ་གྱིས་གཤེགས་པ་མཐོང་བའི་ལོ་རྒྱུས་དང་། ད་ལྟ་ཡང་དུས་བཟང་རྣམས་སུ་དྲིལ་བུའི་སྒྲ་ཐོས་རྒྱུ་ཡོད་པས་མཆོད་རྟེན་དྲིལ་གསིལ་མར་གྲགས། ཡང་ཆོས་རྒྱལ་མྱ་ངན་མེད་ཀྱིས་ཞག་གཅིག་ལ་མཆོད་རྟེན་བརྒྱ་རྩ་བརྒྱད་རྫུ་འཕྲུལ་གྱིས་བཞེངས་བར་གྲགས་པའི་ནང་ཚན་ཡིན་ལ། འབྲས་སྤུངས་སྐོར་ལམ་དུ་ཡང་འདི་འདྲ་གཅིག་ཡོད་ཅེས་ཐར་ཤུལ་སྐུ་ཕྲེང་བཞི་བའི་གསུངས་ཞེས་མདོ་སྨད་ཆོས་འབྱུང་དུ་གསུངས་ཡོད་ལ། མཆོད་རྟེན་བཞུགས་ཡུལ་གྱི་ས་གནས་མེ་བརྒྱ་སྡེ་བའི་རྒན་གཞོན་སུ་ལའང་ཐོགས་བྱ་མེད་པར་གནའ་བོའི་ངག་རྒྱུན་རིང་མོ་ལྷུག་པར་མཆེད་ལ། ལྷད་མ་འདྲེས་བར་སྔོན་བྱུང་ཇི་བཞིན་བཤད་རྒྱུ་ཡོད། རབ་བྱུང་བཅུ་གཉིས་པའི་ཤིང་སྤྲེལ་ཏེ་སྤྱི་ལོ1704ལོར་འཁྲུངས་པའི་མཁས་དབང་སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་སྤྱི་ལོ1748ལོར་བརྩམས་པའི་ཆོས་འབྱུང་དཔག་བསམ་ལྗོན་བཟང་ལས་ཀྱང་། ས་གནས་འདིར་སྔར་རྒྱ་གར་དམ་པ་སངས་རྒྱས་དང་བོད་ཀྱི་མཁས་པ་མི་གསུམ་སོགས་གྱིས་དངོས་སུ་བྱིན་གྱིས་རླབས་མྱོང་ལ། མཆོད་རྟེན་དྲིལ་གསིལ་མར་གྲགས་པ་དྲིལ་བུའི་སྒྲ་ཡང་ཡང་འབྱུང་བ་གསུངས་ཡོད། མཆོད་རྟེན་གྱི་མདུན་དུ་རྟེན་རྡོ(རྡོ་ལབ་ཆུང་ངུ་ཞིག)ཞིག་ཡོད་པའི་སྟེང་དུའང་གོང་སྨྲས་ལོ་རྒྱུས་དང་ཇི་འདྲ་བར་བསྐོས་ཡོད་པ་ད་ལྟའང་བཞུགསའདི་ལྟར་གྲུབ་པའི་དབང་ཕྱུག་རྒྱ་གར་ཕ་དམ་པ་སངས་རྒྱས་ཁོང་་སྤྱི་ལོ1101རབ་བྱུང་གཉིས་པའི་ལྕགས་སྦྲུལ་ལོར་རྒྱ་ཡུལ་དུ་ཕེབས་པར་གསུངས་པས། ངག་རྒྱུན་དང་ལོ་རྒྱུས་སུ་གྲགས་པ་ལྟར་ན་ཕ་དམ་པ་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་པའི་ལམ་བར་དུ། ཁྲི་ཀ་མེ་བརྒྱ་ས་ཆ་བརྒྱུད་ནས་དབྱུག་པ་རྟེན་སྐལ་དུ་བཞག་པ་དང་བསྟུན། སྡེ་འདིའི་མི་དམངས་མང་ཚོགས་དང་། བོད་མི་ཡོངས་ཀྱི་བསོད་ནམས་གསོག་པའི་ཞིང་ས་རུ་མཆོད་རྟེན་འདི་བཞེངས་སྐྲུན་བྱས།

    དེ་ལྟར་ན་རིན་ཐང་གཞལ་དུ་མེད་པའི་མཆོད་རྟེན་འདི་ལ་ལོ་ངོ་དགུ་བརྒྱ་དང་བཅུ་ཡས་མས་འགོར་ཟིན་པས། ལོ་རྒྱུས་ཀྱི་རྒྱུན་རིང་ལ་བྱིན་རླབས་ངོ་མཚར་ཆེ་བ་མདོ་ཁམས་ཀུན་ཏུ་སྙན་གྲགས་ཆེ།འདི་ལྟ་བུའི་ཡུན་རིང་གི་ལོ་རྒྱུས་ལྡན་ལ་སྙན་གྲགས་ཆེ་བའི་རྟེན་བྱིན་རླབས་ཅན་འདི་ལ་ལྔ་བརྒྱད་དང་རིག་གསར་། རྐུན་ཇག་གི་གནོད་པ་སོགས་ཅི་ཡང་མ་བྱུང་བར་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་གྱུར་ཡོད། དེ་སྔོན་སྐེ་བའི་སྔགས་རིམ་པ་ངག་དབང་འཇམ་དབྱངས་རྒྱ་མཚོའི་ཞལ་ནས། མཆོད་རྟེན་འདི་ཁྲི་ཀའི་ཡུལ་གྱི་མཆོད་རྟེན་ཐོག་མའམ་མདོ་ཁམས་ཡུལ་ན་འགྲན་ཟླ་བྲལ་བའི་མཆོད་རྟེན་ཞིག་ཡིན་པར་གསུངས། རྒྱུ་མཚན་དེ་དག་གི་དབང་གིས་ཁྲི་ཀའི་ཡུལ་སྐོར་ས་གནས་དང་། རིག་དངོས་སྲུང་སྐྱོབ་ཀྱི་གྲས་སུ་བཞག་སྟེ། མྱུར་བར་ཞིག་གསོ་དང་བརྒྱུད་སྒྲོགས་བྱེད་དགོས། དེ་ལྟར་བྱས་ཚེ་ཁྲི་ཀ་ས་ཆའི་མཛེས་ལྗོངས་སྔར་ལས་གསོན་ཉམས་ལྡན་པ་ཞིག་ཏུ་འགྱུར་ལ། ཡུལ་སྐོར་ལྗོངས་རྒྱུའི་གནས་ཡུལ་གྲགས་ཅན་ཞིག་ཏུ་འགྱུར་བར་ཡང་ཐེ་ཚོམ་མེད་དེ།ཞི་བདེ་དང་འབྱོར་ཕྱུག་ཕུན་སུམ་ཚོགས་པའི་གནས་མཐོང་བ་ཀུན་སྨོན་ཞིག་ཏུའང་འགྱུར།ད་དུང་དོ་སྣང་མ་བྱས་ན་སྤྱི་ལོ2008ལོ་དང2009ལོ། སྤྱི་ལོ2011ལོ་ཐེངས་དུ་མར་རྐུན་ཇག་གིས་གླགས་བཙལ་ཏེ། རྙེད་པར་དཀའ་བའི་རྟེན་བྱིན་རླབས་ཅན་ཤུལ་མེད་དུ་བཟོ་བར་བརྩམས་པ་ལུང་ཁོག་དེའི་ཡུལ་མི་ཀུན་གྱིས་ཤེས་གསལ། ཡིན་ཡང་སྟབས་ལེགས་པ་ཞིག་ལ་མཇལ་མི་ཚང་མའི་ཚོར་བས་བརྐུ་མ་ཐུབ།འདི་ལྟར་གནའ་བོའི་རྣམ་པ་མ་ཉམས་པར་བརྗིད་ཆགས་སེ་ཀུན་གྱི་ཡིད་དབང་འཕྲོག་པའི་རྟེན་འདི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་གྲས་སུ་མ་བཞག་ཚེ།ནམ་ཞིག་ལ་བརླགས་པའི་སྐབས་མཆིས་པས་འབྲེལ་ཡོད་ལས་ཁུངས་དང་ཡུལ་མི་ཀུན་གྱིས་བདག་གཉེར་དོ་དམ་གཙིགས་སུ་འཛིན་དགོས་སོ།།