ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས20ཉིན་ཡུན་ནན་སེམས་ཀྱི་ཉི་ཟླ་ནས་ས་ཐམ་བར་མྱུར་བགྲོད་གཞུང་ལམ་སྟག་མཆོང་གྲོག་རོང་གི་འབྲི་ཆུའི་ཟམ་ཆེན་གྱི་ཟམ་སྣེ་བདེ་བླག་ངང་མཐུད་པ་དང་། ཟམ་ཆེན་གྱི་གྲུབ་ཆ་གཙོ་བོ་ཚང་མ་སྐྲུན་ཟིན་ཞིང་འཆར་གཞི་བྱས་ན་དཔྱིད་གསར་དུས་ཆེན་ཚར་རྗེས་ཟམ་ངོས་ཀྱི་སྒྲིག་སྦྱོར་ལས་གྲྭ་འགོ་འཛུགས་རྒྱུ་ཡིན་པ་རེད།
སེམས་ཀྱི་ཉི་ཟླ་ནས་ས་ཐམ་བར་མྱུར་བགྲོད་གཞུང་ལམ་སྤྱིའི་རིང་ཚད་ལ་སྤྱི་ལེ140.3ཙམ་ཡོད་པ་དང་། ལམ་ཐག་ཧྲིལ་པོར་ཟམ་གདུང120དང་ཕུག་ལམ26ཡོད། ཟམ་ཕུག་བསྡུར་གྲངས55%ཟིན་ཡོད། སྟག་མཆོང་གྲོག་རོང་གི་འབྲི་ཆུའི་ཟམ་ཆེན་གྱི་སྤྱིའི་རིང་ཚད་ལ་སྨི1017ཡོད་པ་དང་ཡུན་ནན་འཛུགས་སྐྲུན་མ་འཇོག་ཚོགས་པས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པ་དང་། ཀྲུང་གོ་ལྕགས་ལམ་ཟམ་ཆེན་ཅུས་ཀྱིས་སྐྲུན་འགན་འཁུར་བའི་སེམས་ཀྱི་ཉི་ཟླ་ནས་ས་ཐམ་བར་མྱུར་བགྲོད་གཞུང་ལམ་གཙོ་གནད་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་རེད།
སྟག་མཆོང་གྲོག་རོང་གི་འབྲི་ཆུའི་ཟམ་ཆེན་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཧ་པ་གངས་རི་དང་ས་ཐམ་གྲོང་ཁྱེར་གྱི་ཡུས་ལུང་གངས་རིའི་བར་དུ་གནས་ཡོད་པ་དང་གཙོ་བརྒལ་ལ་སྨི766ཡོད། ཀྲུང་གོ་ལྕགས་ལམ་ཟམ་ཆེན་ཅུས་ཀུང་སི་བརྒྱད་པའི་སྟག་མཆོང་གྲོག་རོང་གི་འབྲི་ཆུའི་ཟམ་ཆེན་གྱི་སྤྱི་ཁྱབ་བཟོ་བཀོད་པ་ལི་མིང་ཧོན་གྱིས། འཛུགས་སྐྲུན་ཚོགས་པས་ལྕགས་གདུང་དང་སྒྲོམ་གཞི་གཙོ་བོ་འདིང་བའི་དཀའ་གནད་ཆེ་བ་དང་ལས་གྲྭའི་ས་གཞིས་ཆ་རྐྱེན་རྙོག་འཛིང་ཆེ་བ་སོགས་ཀྱི་དཀའ་གནད་སྣ་ཚོགས་ལས་རྣམ་པར་རྒྱལ་ཏེ། ཟམ་ཆེན་གྱི་གྲུབ་ཆའི་འཛུགས་སྐྲུན་གཙོ་བོ་བདེ་བླག་ངང་ལེགས་སྒྲུབ་བྱུང་བ་དང་ཟམ་ངོས་ཀྱི་སྒྲིག་སྦྱོར་ལས་གྲྭ་དཔྱིད་གསར་དུས་ཆེན་ཚར་རྗེས་འགོ་འཛུགས་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད། །