ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་སས་རིག་གནས་ཡུལ་སྐོར་ཚོང་འགུགས་དངུལ་འདྲེན་དང་ཡུལ་སྐོར་ལས་རིགས་ཚོང་དོན་འོས་སྦྱོར་ཚོགས་འདུ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས20སྔ་དྲོ། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུའུ། ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུའུ་ཡིས་གཉེར་འགན་ཁུར་བའི2024ལོའི་ལྷ་ས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་གྱི་ཚོང་འགུག་དངུལ་འདྲེན་དང་ཡུལ་སྐོར་ལས་རིགས་ཚོང་དོན་འོས་སྦྱོར་ཚོགས་འདུ་ལྷ་ས་ནས་བསྡུས།

འོས་སྦྱོར་ཚོགས་འདུ་སྟེང་། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུའུ་དང་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུའུ་ཡིས་ལྷ་ས་གྲོང་ཁྱེར་གྱི་ཚོང་འགུགས་དངུལ་འདྲེན་སྐོར་གྱི་གཟིགས་སྐྱོང་སྲིད་ཇུས་དང་ཚོང་འགུགས་དངུལ་འདྲེན་ཡུལ་སྐོར་ཐོན་ལས་ལས་གཞི་སྐོར་གྱི་སྲིད་ཇུས་སྒྲོག་འགྲེལ་བྱས་པ་མ་ཟད། གཙོ་གནད་ལས་གཞི་དང་མཐོ་སྒང་གི་ཚན་རིག་ཁྱབ་གདལ་སློབ་ཞིབ་རྩེ་གྲའི་བརྗོད་དོན་ཡུལ་སྐོར་ལམ་ཐིག་སོགས་ལ་འོས་སྦྱོར་བྱས། ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུའུ་དང་ལྷ་ས་གྲོང་ཁྱེར་པོ་ཏ་ལ་ཡུལ་སྐོར་རིག་གནས་ཚོགས་པ་ཚད་ཡོད་ཀུང་སི་ཡིས་སོ་སོ་ཞེ་ཁྲེང་ཚོགས་པ་དང་ཞིན་ཅང་ཧུའུ་ཐན་ས་ཁུལ་རིག་གནས་ཡུལ་སྐོར་ཅུའུ། ཧྥ་རན་སིའི་ཡཱ་ཀའོ་མགྲོན་ཁང་ཚོགས་པ(ཧྲང་ཧའེ)བཅས་དང་མཉམ་འབྲེལ་གྲོས་མཐུན་བཙུགས། ཡུལ་དངོས་སུ་བསྡོམས་པས་ལས་གཞི5ཡི་གན་རྒྱ་བཙུགས་ནས་གྲོས་མཐུན་དངུལ་གཏོང་སྒོར་དུང་ཕྱུར11.07ཟིན་ཡོད།

བྱ་འགུལ་ཡུལ་དངོས་སུ་ཆེད་དུ་ཚོང་དོན་མཉམ་འབྲེལ་གྲོས་གཞི་ཁུལ་དང་རིག་གནས་གསར་སྐྲུན་ཐོན་ལས་འགྲེམ་ཁུལ་སོགས་བཀོད་སྒྲིག་བྱས་ནས། ས་གནས་ཡུལ་སྐོར་ལས་རིགས་ཁེ་ལས་དང་ཚོགས་ཞུགས་ས་ཆ་གཞན་པའི་ཡུལ་སྐོར་ལས་རིགས་ཁེ་ལས་བར་ཁ་གཏད་བརྗེ་རེས་བྱེད་ཐུབ་པའི་སྟེགས་བུ་བསྐྲུན།

དེ་དང་ཆབས་ཅིག ཟླ5བའི་ཚེས20ནས་ཚེས26ཉིན་བར་དུ་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་ནས་དུས་ལྟར་ལྷ་ས་རིག་གནས་ཡུལ་སྐོར་ཁྱད་ལྡན་ཚོང་རྫས་འགྲེམ་སྟོན་འགྲེམ་འཚོང་བྱ་འགུལ་སྤེལ་ནས། གཅིག་སྡུད་ངང་ལྷ་སའི་རིག་གནས་ཡུལ་སྐོར་ཁྱད་ལྡན་ཐོན་རྫས་རྩེ་གྲ་འཚོང་རྒྱུ་རེད། འགྲེམ་འཚོང་བྱ་འགུལ་གྱིས“གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས”བརྗོད་དོན་གཙོ་བོ་བྱས་ནས་རིག་གནས་ཡུལ་སྐོར་ཁྱད་ལྡན་ཐོན་རྫས་བརྗོད་དོན་གྱི་འགྲེམ་སྟོན་གནས30བཀོད་སྒྲིག་བྱེད་པ་མ་ཟད། “520”བརྗོད་དོན་དང་ཟུང་འབྲེལ་གྱིས་དྲ་གྲགས་པར་རྒྱག་ས་ཚིགས2དང་རིག་གནས་ཡུལ་སྐོར་དྲིལ་སྒྲོག་བྱེད་ས4བཙུགས་ཡོད། འགྲེམ་འཚོང་ནང་ཞུགས་པའི་ཁེ་ལས30ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུའུ་དང་རིག་གནས་ཅུའུ། རྫོང་སོ་སོའི་མི་དམངས་སྲིད་གཞུང་། ནུས་ལྡན་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཚོགས་ཀྱིས་འོས་སྦྱོར་བྱས་པ་དང་། འགྲེམ་འཚོང་ཐོན་རྫས་ལ་ཐང་ག་དང་བོད་གདན། བོད་སྤོས། རིག་གནས་གསར་སྐྲུན་ཐོན་རྫས། རྫ་མའི་ཐོན་རྫས། ནས་ཀྱི་ཟས་རིགས། འོ་མའི་ཐོན་རྫས། སྐམ་ཤ་རིགས། གཏེར་ཆུ་སོགས་བསྡོམས་པས་རིགས400ལྷག་ཡོད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།