ཀྲུང་གོ་བོད་ཀྱི་དྲ་བ།

གནའ་བའི་གྲངས་འབོར་འཕར་སྣོན་བྱུང་བ་དེས་བོད་ལྗོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་ཕན་འབྲས་མཚོན་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ལ་མུ་མཐུད་དུ་སྐུལ་འདེད་བྱས་པ་བརྒྱུད། གནའ་བ་སོགས་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་རིམ་བཞིན་འཕར་སྣོན་བྱུང་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་རིམ་བཞིན་དོན་དངོས་སུ་གྱུར།

ཉེ་ཆར། གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ལྷ་འཕགས་ཆུ་ཚན་ཉེ་འགྲམ་གྱི་བྲག་རི་སྟེང་དུ་ཉེ་བའི་ངང་གནའ་བའི་ཁྱུ་ཚོགས་པར་ལེན་ཐུབ་པ་བྱུང་། གནའ་བ་དེ་དག་གིས་བྲག་རི་གཡང་གཟར་སྟེང་རྒྱུ་པ་ནི་ཐང་བདེ་རུ་རྒྱུ་པ་དང་མཚུངས་ཤིང་། གནའ་བ་དེ་དག་གིས་མི་མཐོང་ནའང་འཇིགས་སྣང་མི་སྐྱེས་པར་མི་དང་བར་ཐག་ཅུང་ཙམ་བཞག་ནས་ཡ་མཚན་པའི་ངང་མཐའ་འཁོར་གྱི་ཁོར་ཡུག་ལ་ལྟ་བཞིན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། རི་སྐྱེས་སྲོག་ཆགས་ནི་སའི་གོ་ལ་སྟེང་གི་ཚེ་སྲོག་ཡོངས་དང་རང་བྱུང་སྐྱེ་ཁམས་མ་ལག་གི་གྲུབ་ཆ་གཙོ་བོ་ཡིན་པ་མ་ཟད། དེ་དག་འཚོ་སྡོད་བྱེད་པའི་གནས་ཚུལ་དེ་མིའི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ཡོད།

ད་ལྟ། བོད་ལྗོངས་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བས། མི་རྣམས་ཀྱིས་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོང་འདུ་ཤེས་རིམ་བཞིན་མཐོ་རུ་ཕྱིན་པ་དང་། གནའ་བའི་འཚོ་སྡོད་ཁོར་ཡུག་ཀྱང་ཇེ་ལེགས་སུ་ཕྱིན། ས་ཆ་སོ་སོའི་སྲིད་གཞུང་གིས་ཀྱང་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་གནའ་བ་སོགས་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོང་དང་དོ་དམ་ལ་ཤུགས་བསྣན།

གཞི་གྲངས་ལས་མངོན་པ་ལྟར་ན། བོད་ལྗོངས་ཀྱི་སྲུང་སྐྱོང་སྲོག་ཆགས་མང་ཆེ་ཤས་ཀྱི་གྲངས་འབོར་སླར་གསོ་རང་བཞིན་གྱི་འཕར་སྣོན་བྱུང་བ་དང་། གཙོད་ཁྱུའི་གྲངས་འབོར་དུས་རབས་སྔོན་མའི་ཤིན་ཏུ་ཉུང་བའི་ཁྲི7ནས་ད་ལྟའི་ཁྲི30ལྷག་ལ་ཐོན་པ་རེད། འབྲོང་ཁྱུའི་གྲངས་འབོར་དུས་རབས་སྔོན་མའི་སྟོང་ལྷག་ནས་ད་ལྟའི་ཁྲི2ལ་ཟིན་པ། གསའ་དང་གཉན་སོགས་རི་སྐྱེས་སྲོག་ཆགས་སླར་གསོ་རང་བཞིན་གྱིས་གྲངས་འབོར་འཕར་སྣོན་བྱུང་ཞིང་། རི་སྐྱེས་སྐྱེ་དངོས་རིགས་ཀྱི་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་འཚོ་སྡོད་གནས་གཞི་རྩ་ནས་གདོད་མའི་རང་བྱུང་རྣམ་པ་ཆགས་ཡོད།

ད་ལྟ། གནའ་བ་སྔར་ལས་མང་བ་མི་རྣམས་ཀྱི་མཐོང་ལམ་དུ་མངོན་ཞིང་། དེ་ནི་བོད་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཕན་ནུས་ཐོན་པ་མཚོན་ཡོད་པ་མ་ཟད། མི་དང་རི་སྐྱེས་སྲོག་ཆགས་འཆམ་མཐུན་མཉམ་གནས་བྱུང་བའང་མཚོན་ཡོད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།