ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ཇེ་ལེགས་སུ་ཕྱིན་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རི་ཀླུང་ཀུན་ཏུ་ཁམ་བུའི་མེ་ཏོག་རྣམ་པར་བཞད་པ་དང་ཀ་ལ་གྲོང་ཚོར་དགའ་དགའ་སྐྱིད་སྐྱིད་ཀྱི་རྣམ་པས་ཁེངས་ཡོད། གྲོང་ཚོ་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་ཉེ་འཁོར་དུ་གནས་ཤིང་། ཁམ་བུའི་མེ་ཏོག་ལ་བརྟེན་ནས་སྐད་གྲགས་གང་སར་ཆོད་པ་དང་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བའི་ཡིད་དབང་བཀུགས་ཡོད།

སྐྱེ་ཁམས་ཁོར་ཡུག་ལེགས་པོས་བོད་ལྗོངས་འཕེལ་རྒྱས་ལ་འགུལ་ནུས་གསར་བ་བསྣན་ཡོད། ཉེ་བའི་ལོ་འགའི་རིང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱེད་ཐབས་སྣ་ཚོགས་རྒྱུན་མཐུད་ལག་བསྟར་བྱས་པ་དང་བསྟུན་ནས་བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ཇེ་ལེགས་སུ་ཕྱིན་ཡོད་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་སྒྲིག་གཞི་རགས་ཙམ་ཆགས་ནས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་དང་། གངས་འཁྱགས་ཀྱིས་བསྡམས་པའི་རི་ཀླུང་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་མི་སེམས་སུ་ཟུག་པར་བྱས་ཡོད། བོད་ལྗོངས་འདི་ཉིད་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་ཆེས་ལེགས་པའི་ས་ཁུལ་གཅིག་གྲས་ཡིན་ལ། མཐོ་སྒང་འཕེལ་རྒྱས་ཀྱི་སྐྱེ་ཁམས་རྨང་གཞི་སྔར་བས་བཀྲག་མདངས་ཆེ་བར་ཕྱིན་ཡོད།

སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་སྲུང་ཐུབ་པ།

ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་སེར་གླིང་མཚོའི་འགྲམ་རྒྱུད་དུ་མི42ཡོད་པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དཔུང་སྡེ་ཞིག་གིས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་འདིར་སྲུང་སྐྱོབ་བྱེད་བཞིན་ཡོད།

“དཔྱིད་མགོ་ཚུགས་མ་ཐག་ཁྲུང་ཁྲུང་སྐེ་ནག་དང་གཙོད་སོགས་ཕྱིར་མཚོ་འགྲམ་དུ་ལོག་ཡོང”ཞེས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་མཁན་ཚུལ་ཁྲིམས་ཐེག་ཆེན་གྱིས་བཤད། རི་སྐྱེས་སྲོག་ཆགས་ལ་ལྟ་ཞིབ་ཚད་ལེན་དང་སྐོར་གཡེང་ནི་ཁོང་གི་ནམ་རྒྱུན་གྱི་བྱ་བ་ཡིན།

བོད་རང་སྐྱོང་ལྗོངས་ནགས་ཚལ་རྩྭ་ཐང་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར་ལྗོངས་ཡོངས་སུ་སྤྱི་ཕན་ནགས་ཀྱི་ཆེད་ལས་བདག་སྐྱོང་ས་ཚིགས208བཙུགས་ཡོད་པ་དང་། ཆེད་ལས་བདག་སྐྱོང་མཁན1113ཡིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་འགོག་སྲུང་འཛིང་རགས་དང་པོ་བསྐྲུན་ཡོད་པ་དང་། མི་རིགས་སོ་སོའི་མང་ཚོགས་ཀྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དོ་དམ་ཁྲོད་བྱེད་ནུས་གལ་ཆེན་འདོན་སྤེལ་བྱས་ཡོད། 

ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》ལག་བསྟར་བྱས་པ་དང་། 《བོད་རང་སྐྱོང་ལྗོངས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་མཐོ་ས་བཏོད་པའི་སྲོལ་ཡིག》སོགས་བཅའ་ཁྲིམས་ཁྲིམས་སྲོལ་ཁྱབ་བསྒྲགས་ལག་བསྟར་བྱས་ཤིང་། ནགས་ཚལ་དང་བརླན་ས། རྩྭ་ཐང་སོགས་ཁྱབ་ཁོངས་སུ་ཁེབས་པའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་སྲོལ་བཙུགས་ཡོད། 2016ལོ་ནས2023ལོའི་བར་ལྗོངས་ཡོངས་ཀྱི་ལོ་རེར་ཆ་སྙོམས་མང་ཚོགས་ལ་སྐྱེ་ཁམས་ལས་གནས་ཁྲི50ལྷག་མཁོ་འདོན་བྱས་ཡོད་པ་དང་། རོང་འབྲོག་པ་ཁྲ226.22ཡིས་རྩྭ་སའི་ཁ་གསབ་སྲིད་ཇུས་ལོངས་སྤྱོད་བྱས་ནས་སྐྱེ་ཁམས་རིན་ཐང་གསར་སྒྱུར་གྱི་ཐབས་ལམ་རྒྱུན་མཐུད་རྒྱ་སྐྱེད་དུ་བཏང་ཡོད།

སྐྱེ་ཁམས་སླར་གསོ་ཐུབ་ནས་མཐོ་སྒང་སྔར་བས་སྔོ་ལྗང་ཅན་དུ་གྱུར་བ།

གཞིས་ཀ་རྩེ་གྲོང་ཁྱེར་ཁང་དམར་རྫོང་གི་ས་བབ་མཐོ་བ་དང་གནམ་གཤིས་ཐན་སྐམ་ཡིན་པས་སྔོན་ཆད་ས་ཞིང་བྱེ་འགྱུར་གྱི་གནད་དོན་ཡོད། འདི་ག་ཞིང་ལས་ཕྱེད་ཙམ་དང་འབྲོག་ལས་ཕྱེད་ཙམ་གྱི་ས་ཁུལ་ཡིན་ལ། གྲོང་མི་མང་པོས་ནོར་ལུག་འཚོ་བཞིན་ཡོད་པས་སྔོན་ཆད་རྩྭ་སར་གཏོར་བརླག་ཚབས་ཆེན་བྱས་ཡོད།

2014ལོར། ས་ཞིང་ཐོན་ཁུངས་ལ་བརྟེན་ནས་ཁང་དམར་རྫོང་ཉིང་རུ་སྟོད་ཤང་གིས་གཟན་རྩྭ་འདེབས་འཛུགས་ཀྱི་ཚོད་ལྟའི་བྱ་བ་གཉེར་བར་ཕན་འབྲས་ལེགས་པོ་བྱུང་སྟེ། འདེབས་འཛུགས་བྱས་པའི་གཟན་རྩྭ་ཡིས་རླུང་འགོག་བྱེ་འཇགས་ཐུབ་པ་མ་ཟད། ད་དུང་རྩྭ་སའི་གནོན་ཤུགས་ནུས་ལྡན་སྒོས་ཇེ་ཡང་དུ་བཏང་། 

ལོ་འདི་དག་རིང་རྩྭ་སའི་གཞི་ཁྱོན་ཇེ་ཆེར་ཕྱིན་པ་དང་བསྟུན་ནས་སྐྱེ་ཁམས་ཀྱི་ཕན་འབྲས་ཀྱང་ཇེ་ལེགས་སུ་ཕྱིན་ཡོད། དེང་སྐབས་ཉིང་རུ་སྟོད་ཤང་མིས་བཟོས་རྩྭ་རའི་རྒྱ་ཁྱོན་མུའུ་ཁྲི2ལ་སླེབས་ཡོད།

ཉིང་རུ་སྟོད་ཤང་གི་ཤང་ཀྲང་ཀརྨ་བསྟན་དར་གྱིས་ཆེད་མཁས་པ་གདན་དྲངས་ནས་ཤང་གི་ས་རྒྱུ་དང་སྔོ་ཁེབས་ཀྱི་གནས་ཚུལ་ལ་ཞིབ་ཕྲའི་དབྱེ་ཞིབ་བྱས་ཤིང་། ཆེད་མཁས་པས་དུས་ཡུན་རིང་བོར་གཟན་རྩྭ་སྣ་རྐྱང་འདེབས་འཛུགས་བྱས་ནའང་ས་ཞིང་ལ་གནོན་ཤུགས་བསྐྱལ་ཡོང་ཞེས་བསྟན།“ད་ལོར་ང་ཚོས་གཟན་རྩྭ་སྣ་ཁ་གསར་བ་འདེབས་འཛུགས་བྱ་རྩིས་ཡོད་ལ། གཟན་རྩྭའི་རིགས་སྔར་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས”ཞེས་ཀརྨ་བསྟན་དར་གྱིས་བཤད།

སྡོང་འཛུགས་དང་རྩྭ་འདེབས། སྐྱེ་ཁམས་སླར་གསོ་བཅས་ལ་བརྟེན་ནས་བོད་ལྗོངས་སྔར་བས་སྔོ་ལྗང་ཅན་དུ་གྱུར་ཡོད། མིག་སྔར། བོད་ལྗོངས་ཀྱི་ནགས་ཚལ་ཁེབས་ཚད12.31%བར་ཇེ་མཐོར་ཕྱིན་ཡོད་པ་དང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས48.02%ལ་སླེབས་ཡོད།

ནུས་ཁུངས་གཙང་མ་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་ཕྱིན་པ། 

ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་ཉི་འོད་འོག་གྲལ་འགྲིག་པའི་རླུང་ཤུགས་འཕྲུལ་ཆས་སྐོར་ཞིག་འཁོར་སྐྱོད་བྱེད་བཞིན་ཡོད། འོ་མ་དིའུ་སྐེ་རླུང་ཤུགས་གློག་འདོན་ས་ཚིགས་ཀྱི་ས་བབ་མཐོ་ཚད་སྨི4500ལས་བརྒལ་ཡོད་ལ། དེ་ནི་བོད་ལྗོངས་ཀྱིས་སྐྲུན་ནས་སྤྱོད་མགོ་ཚུགས་པའི་གཞི་ཁྱོན་ཆེ་ཤོས་ཀྱི་རླུང་ཤུགས་གློག་འདོན་རྣམ་གྲངས་ཡིན་པ་དང་། གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཀྲའོ་ཝ100ཟིན་ནས་ལོ་རེར་ནུས་ཁུངས་གཙང་མའི་གློག་ནུས་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར2ཙམ་མཁོ་འདོན་བྱས།

“དགུན་དུས་ནག་ཆུའི་དྲོད་ལེན་པའི་དགོས་མཁོ་བལྟོས་བཅས་ཅུ་མཐོ་བས་གྲོང་ཁུལ་གྱི་གློག་སྤྱོད་ཐེག་ཚད་ཆེ་བ་དང་། ནུས་ཁུངས་གཙང་མའི་རླུང་ནུས་ནི་དགུན་དུས་ཀྱི་ནུས་ཁོངས་འབྱུང་ཡུལ་ལེགས་པོ་ཡིན”ཞེས་འོ་མ་དིའུ་སྐེ་རླུང་ཤུགས་གློག་འདོན་ས་ཚིགས་རྣམ་གྲངས་ཀྱི་ལས་དོན་མི་སྣས་གསར་འགོད་པར་བཤད།“མཐོ་སྒང་གི་རླུང་ཤུགས་གློག་འདོན་གྱིས་ནག་ཆུའི་ཁྱིམ་ཚང་ཁྲི་སྟོང་མང་པོར་འོད་སྣང་སྦྱིན་པ་དང་མང་ཚོགས་ཀྱི་འཚོ་བ་སྔར་བས་སྟབས་བདེ། སྦགས་བཙོག་སྔར་བས་ཇེ་ཆུང་། ཁོར་ཡུག་སྔར་བས་མཛེས་སྡུག་ལྡན་པར་བཏང་ཡོད།

འདི་འདྲའི་ནུས་ཁུངས་གསར་ངའི་དམངས་འཚོའི་རྣམ་གྲངས་མཐོ་སྒང་དུ་མཐོང་དཀའ་བ་ཞིག་མིན། ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་གི་གཞིས་ཁུལ་ཁ་ཤས་ཀྱི་ཁང་ཐོག་ཏུ་ཉི་ནུས་འོད་ཤུགས་པང་ལེབ་སྒྲིག་སྦྱོར་བྱས་ཡོད་ལ། རྫོང་ཡོངས་སུ་ཁ་བཀྲམ་རྣམ་པའི་འོད་ནུས་གློག་འདོན་ས་ཚིགས་ཀྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི2ལ་སླེབས་པ། ཤན་རྩ་རྫོང་དུ་ཉི་འོད་ནུས་པའི་དྲོད་སྡུད་ར་བ་ཞིག་བཙུགས་ཡོད་པས་རྫོང་མཁར་གྱི་བཅུ་ཆའི་བརྒྱད་ཀྱི་སྡོད་དམངས་ཀྱིས་ནུས་ཁུངས་གཙང་མའི་དྲོད་ལེན་སྒྲིག་ཆས་བེད་སྤྱོད་ཐུབ་ཡོད།

སྔོན་ཆད། ནག་ཆུའི་གྲོང་ཁྱེར་དང་གྲོང་རྡལ་དུ་དགུན་ཁར་རྡོ་སོལ་དང་ལྕི་བ་བསྲེག་པའི་དྲི་མ་གང་སར་འཐུལ་ཡོད། དེང་སང་ནུས་ཁུངས་གསར་བའི་དྲོད་ལེན་སྒྲིག་བཀོད་ཁྱིམ་ཚང་ཁྲི་སྟོང་མང་པོར་སྦྲེལ་མཐུད་བྱས་ཡོད་པ་དང་གློག་ཤུགས་མཁོ་སྤྲོད་འདང་ངེས་བརྟན་པོ་ཡིན་པ། ཁོར་ཡུག་སྔར་བས་ལེགས་ཤིང་གྲལ་དག་པ་ཞིག་རེད། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས་ལྗང་མདོག་ཐཱན་ཉུང་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་དང་རྒྱ་སྐྱེད་དུ་བཏང་བ་དང་། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞི་བཏོད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བས། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་བཏོན་པའི་གློག་ཤུགས་ཁྲོད་ནུས་ཁུངས་གཙང་མའི་བསྡུར་ཚད90%ལས་བརྒལ་ཡོད། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།