ཀྲུང་གོ་བོད་ཀྱི་དྲ་བ།

2024ལོར་ཅང་སུའུ་བོད་སྐྱོར་གྱིས་རྣམ་གྲངས66ལག་བསྟར་བྱ་རྩིས་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས30ཉིན་གསར་འགོད་པས་ཅང་སུའུ་བོད་སྐྱོར་རྣམ་གྲངས་ལ་གཅིག་སྡུད་སྐུལ་འདེད་གཏོང་བའི་ཡུལ་དངོས་ཚོགས་འདུའི་ཐོག་ཤེས་གསལ་ལྟར་ན། 2024ལོར་ཅང་སུའུ་ཁ་གཏད་རོགས་སྐྱོར་གྱིས་བོད་ལྗོངས་ལ་ལོ་འཁོར་མ་དངུལ་སྒོར་དུང་ཕྱུར5.57བཏང་ནས་བོད་སྐྱོར་རྣམ་གྲངས66ལག་བསྟར་བྱ་རྩིས་ཡོད། དེའི་ནང་ཐོན་ལས་རོགས་སྐྱོར་གྱིས་ལས་ཞུགས་ལ་སྐུལ་འདེད་དང་། དམངས་འཚོ་ལེགས་བཅོས་དང་འགན་སྲུང་། མི་རིགས་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས། རིག་གནས་སློབ་གསོའི་རོགས་སྐྱོར། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བརྗེ་རེས་མཉམ་ལས་སོགས་འདུས་ཡོད། རྣམ་གྲངས་ལག་བསྟར་བྱས་པ་དེས་ལྷ་སའི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་རོགས་འདེགས་དང་། རོང་འབྲོག་ཁུལ་གྱི་དམངས་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ནུས་ལྡན་སྒོས་ཆེ་རུ་གཏོང་ཐུབ།


པར་འདི་ནི་ཅང་སུའུ་བོད་སྐྱོར་རྣམ་གྲངས་ལ་གཅིག་སྡུད་སྐུལ་འདེད་གཏོང་བའི་ཡུལ་དངོས་ཚོགས་འདུ་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་བསྡུས་པའི་རྣམ་པ་རེད།


པར་འདི་ནི་ཅང་སུའུ་བོད་སྐྱོར་རྣམ་གྲངས་ལ་གཅིག་སྡུད་སྐུལ་འདེད་གཏོང་བའི་ཡུལ་དངོས་ཚོགས་འདུའི་རྣམ་པ་རེད།

འོས་སྦྱོར་ཚོགས་འདུའི་ཐོག ལྷ་ས་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པའམ་རྒྱུན་ལས་ཧྲི་ཀྲང་གཞོན་པ། ཅང་སུའུ་ཞིང་ཆེན་ཁ་གཏད་རོགས་སྐྱོར་བོད་ལྗོངས་ལྷ་ས་གྲོང་ཁྱེར་མདུན་ཕྱོགས་བཀོད་འདོམས་པུའུ་ཡི་ཏང་ཨུའི་ཧྲུའུ་ཅིའམ་སྤྱིའི་བཀོད་འདོམས་པ་ཁྲིན་ཅིན་གྱིས་ཅང་སུའུ་བོད་སྐྱོར་རྣམ་གྲངས་འཛུགས་སྐྲུན་ཐད་བླང་བྱ་གསལ་བོ་བཏོན། ཁོང་གིས་རྣམ་གྲངས་ཀྱི་ལས་མགོ་ཚུགས་པ་གཙོ་གནད་དུ་འཛིན་པ་དང་། ལས་ཀའི་ཚད་དང་དངོས་རྫས་ཀྱི་ཚད། མ་འཇོག་གི་ཚད་བཅས་དམ་པོར་བཟུང་ནས་རྣམ་གྲངས་ལ་སྐུལ་འདེད་ཀྱི་གོམ་སྟབས་སྔར་བས་ཇེ་མགྱོགས་སུ་གཏོང་བ། དེ་དང་ཆབས་ཅིག ཨར་ལས་འཛུགས་སྐྲུན་གྱི་འགྲོ་ལུགས་ཀྱི་འགག་སྒོ་དང་ལག་རྩལ་གྱི་འགག་སྒོ། བདེ་འཇགས་ཀྱི་འགག་སྒོ། འགན་འཁྲིའི་འགག་སྒོ་དམ་སྲུང་བྱས་ཏེ། ཅང་སུའུ་བོད་སྐྱོར་རྣམ་གྲངས་རེ་རེ་དམངས་ཚོགས་ཀྱི་བློ་ཡིད་ཚིམ་པའི“བདེ་འཇགས་ལས་གཞི་དང་དམངས་འཚོའི་ལས་གཞི། སྤྱོད་གཙང་ལས་གཞི། སེམས་བདེའི་ལས་གཞི”རུ་བསྐྲུན་པར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་ནན་གྱིས་བསྟན།


པར་འདི་ནི་རྣམ་གྲངས་འཛུགས་སྐྲུན་ལས་ཁུངས་ཀྱི་འཐུས་མི་ཚོགས་འདུར་ཞུགས་པའི་རྣམ་པ་རེད།

“རྣམ་གྲངས་འཛུགས་སྐྲུན་དེ་ཕྲ་ཞིང་ཞིབ་པའི་འགན་སྲུང་ཞབས་ཞུ་དང་ཁ་བྲལ་ཐབས་མེད”ཁྲིན་ཅིན་གྱིས་རྫོང་ཆུས་དང་ལས་དོན་ཚན་ཆུང་ཁག་གིས“རྣམ་གྲངས་གཅིག མགོ་ཁྲིད་གཅིག ཚན་ཁག་གཅིག ཇུས་གཞི་གཅིག དམ་འཛིན་མཐར་ཕྱིན”གྱི་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། “གཞི་རིམ་དུ་སྐྱོད་པ་བཞི”དང“སྒོ་རྩར་སྐྱོད་ནས་ཁེ་ལས་ལ་ཞབས་ཞུ་དང་རོགས་འདེགས་ཀྱི་ཉིན་མོ”སོགས་བྱ་འགུལ་ཟུང་འབྲེལ་བྱས་ཏེ། ཨར་ལས་སྡེ་ཚན་གྱི“དཀའ་ཉེན་དང་སེམས་ཁྲལ། རེ་སྒུག་བྱེད་པའི”གནད་དོན་ལ་དམིགས་ནས་དཀའ་གནད་ཁྱད་བསལ་བྱས་པ་དང་ཐབས་བརྒྱ་ཇུས་སྟོང་གིས་བོད་སྐྱོར་རྣམ་གྲངས་ལ་གཞོགས་འདེགས་བྱེད་དགོས་ཞེས་བསྟན།


པར་འདི་ནི་ཅང་སུའུ་བོད་སྐྱོར་རྣམ་གྲངས་ལག་བསྟར་ལ་དམངས་ཚོགས་ཀྱི་དགའ་བསུ་ཐོབ་པའི་རྣམ་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཅང་སུའུ་བོད་སྐྱོར་རྣམ་གྲངས་འཛུགས་སྐྲུན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་ཅིང་། གཞི་རིམ་དང་དམངས་འཚོའི་རྣམ་གྲངས་ཐད་བཏང་བའི་བསྡུར་ཚད་ཀྱི83%དང92%ཟིན་ཡོད། དེའི་ཁྲོད་སྟག་རྩེའི་པད་ནག་རོང་གི་མཐོ་སྒང་སྐྱེ་ཁམས་ཡུལ་སྐོར་དང་མལ་གྲོ་གུང་དཀར་རྫོང་གི་པད་ཁའི་སྣུམ་ཐོན་སྐྱེད་གཉིས་ཐོན་ལས་མ་དཔེར་གྱུར་ཡོད་པ་དང་། མལ་གྲོ་གུང་དཀར་རྫོང་སྐལ་བཟང་མེ་ཏོག་ཐོན་ལས་གླིང་དང་ལྷུན་གྲུབ་རྫོང་སྐལ་བཟང་ཐང་ཞིང་ཕྱུགས་ཐོན་ལས་གླིང་སོགས་རོགས་སྐྲུན་གླིང་ཁུལ་དུ་ཁེ་ལས30ལྷག་ནང་འདྲེན་གསོ་སྐྱོང་བྱས་ཡོད་པ་དང་ལས་ཞུགས་མི་སྣ3000ལྷག་བསྡུ་ལེན་བྱས་ཡོད། ཆུ་ཤུར་རྫོང་ཡར་ཀླུང་གཙང་པོའི་བཟོ་ལས་གླིང་གི་བཟོ་གྲྭ་བོད་ལྗོངས་ཀྱི་ཚད་ལྡན་ཅན་གྱི་བཟོ་གྲྭའི་ཚད་ཤིང་དུ་གྱུར་ཡོད། ཚལ་སྣེ་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དེ་བོད་ལྗོངས་ཀྱི་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་ཐོག་མ་རུ་གྱུར་ཡོད། ནན་ཅིན་ཅང་ཉིན་གསར་སྤེལ་ཁུལ་དང་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ཤར་ནུབ་རྒྱུད་ཀྱི་དཔལ་འབྱོར་གསར་སྤེལ་ཁུལ་མཉམ་ལས་བྱེད་སྟངས་གསར་བ་འཚོལ་ཞིབ་བྱས་ཡོད།

2024ལོའི་ཅང་སུའུ་བོད་སྐྱོར་རྣམ་གྲངས་ལ་གཅིག་སྡུད་སྐུལ་འདེད་གཏོང་བའི་ཡུལ་དངོས་ཚོགས་འདུ་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་བསྡུས་ཤིང་། གྲོང་ཁྱེར་དང་ཐད་གཏོགས་ལས་ཁུངས། ཅང་སུའུ་ཡི་བོད་སྐྱོར་ལས་བྱེད་པ། ཁ་གཏད་རོགས་སྐྱོར་ཀྱི་རྫོང་ཆུས4ཡི་ལས་དོན་ཚན་ཆུང་།  རྣམ་གྲངས་འཛུགས་སྐྲུན་ལས་ཁུངས་ཀྱི་འཐུས་མིའམ་དམངས་ཚོགས་ཀྱི་འཐུས་མི་སོགས་མི150ལྷག་ཞུགས་ཡོད། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།