ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་ཐབས་མང་མཉམ་སྤྱོད་སྒོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་མཉམ་ལས་ལ་ཤུགས་བསྣན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་འདི་ཉིད་ལོ་རྒྱུས་ཐོག“ལྷོ་ཕྱོགས་དར་གོས་ཚོང་ལམ”དང“ཇ་རྟ་གནའ་ལམ”མཚམས་ཀྱི་ནང་ཞུགས་མཁན་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཀྲུང་གོ་དང་ཨེ་ཤ་ཡ་ལྷོ་མའི་རྒྱལ་ཁབ་དབར་འགྲོ་འོང་གི་སྒོ་མོ་གལ་ཆེན་ཞིག་ཀྱང་ཡིན། 2023ལོ་ནི“རྒྱུད་གཅིག་ལམ་གཅིག”གྲོས་གཞི་བཏོན་པའི་ལོ10ཡིན་ལ། ལོ་ངོ་བཅུའི་རིང་། བོད་ལྗོངས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་ནང་ཧུར་ཐག་ཞུགས་པ་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་དེ“ཉོ་ཚོང་བདེ་བགྲོད”ཀྱི་རོགས་འདེགས་གལ་ཆེན་ཏུ་བརྩིས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་མ་འཇོག་མཉམ་ལས་ལ་རྒྱུན་མཐུད་ཤུགས་བསྣན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར་བོད་ལྗོངས་འདི་ཉིད“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དུ་སོང་ནས་ཕྱི་ཕྱོགས་མ་འཇོག་རྣམ་གྲངས24སྤེལ་ཤིང་། དེའི་ཁྲོད་ནེ་པ་ལར20དང་འབར་མ1། ཐ་ཅི་ཁོ་སི་ཐན་དུ3བཅས་སྤེལ་ནས་མ་འཇོག་དངུལ་འབོར་ཨ་སྒོར་དུང་ཕྱུར3.42ཟིན་པ་དང་། མཁའ་འགྲུལ་སྐྱེལ་འདྲེན་དང་གཏེར་ཁ་གསར་འབྱེད། སིལ་འཚོང་ལས་རིགས། འཁལ་འཐག ཞབས་ཞུའི་ལས་རིགས་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད།

“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་མཉམ་ལས་ལ་ཤུགས་བསྣན་པ།

ཉེ་བའི་ལོ་འགའི་རིང་། ཁུ་ལུ་གཙོ་གཉེར་ལས་སྒོའི་ཡོང་འབབ་ལོ་རེ་བཞིན་འཕར་ཡོད་ལ། ཆེས་གཙོ་བོ་ནི་ཞིབ་ཚགས་ལས་སྣོན་གྱི་ཚན་རྩལ་ཚོང་རྟགས་ཐོན་རྫས་ཀྱི་བདག་གཉེར་བསྡུར་ཚད་མུ་མཐུད་ཇེ་མཐོར་སོང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དོན་དངོས་སུ་མངོན་འགྱུར་བྱུང་ཡོད། ཕྱི་ཕྱོགས་ཉོ་ཚོང་ལས་རིགས་གཉེར་བཞིན་པའི་བོད་ལྗོངས་གསེར་ཤིང་བཟོ་ལས་ཉོ་ཚོང་ཚད་ཡོད་ཀུང་སིའི་འགན་ཁུར་བ་ལྷག་པ་འཕྲིན་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་དཔལ་འབྱོར་ཉོ་ཚོང་ཐད་སྐྱེལ་ཡོང་བའི་ལེགས་ཆ་དངོས་ནས་ཚོར་ཡོད། ཉེ་སྔོན། གསར་འགོད་པ་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སུ་ཡོད་པའི་བོད་ལྗོངས་གསེར་ཤིང་བཟོ་ལས་ཉོ་ཚོང་ཚད་ཡོད་ཀུང་སིར་ཐོན་པའི་ཚེ། འཁོར་ཁང་གི་འཕྲུལ་ཆས་གདར་སྒྲ་དང་བཟོ་བ་རྣམས་ལ་ངར་ཤུགས་རྒྱས་པ། ནོར་གནག་གི་སྤུ་དང་ཁུ་ལུ། ལུག་བལ། ལུག་གི་ཁུ་ལུ་བཅས་བཟོ་བ་དང་འཕྲུལ་ཆས་ཀྱི་གཞོགས་འདེགས་འོག སྤུས་ལེགས་ངོ་མཚར་ཆེ་བའི་ཚོང་རྗས་རེ་རེའི་འགྱུར་བ་མཐོང་། “ཁེ་ལས་མང་བོ་ཞིག་ང་ཚོའི་ཀུང་སི་དང་འདྲ་བར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྲོས་གཞིའི་ཁེ་ཕན་རེག་མཁན་ཡིན”ཞེས་ལྷག་པ་འཕྲིན་ལས་ཀྱིས་བཤད།

ཁེ་ལས་འཕེལ་རྒྱས་དེ་རྒྱལ་ཁབ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཁ་བྲལ་ཐབས་མེད། རྒྱུས་ལོན་བྱུང་བ་ལྟར་ན། “རྒྱུད་གཅིག་ལམ་གཅིག”གྲོས་གཞི་བཏོན་པ་ནས་བཟུང་། བོད་ལྗོངས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་མ་འཇོག་མཉམ་ལས་ལ་མུ་མཐུད་ཤུགས་བསྣན་པ། མིག་སྔའི་བར། བོད་ལྗོངས་འདི་ཉིད“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དུ་སོང་ནས་ཕྱི་ཕྱོགས་མ་འཇོག་ཁེ་ལས18དབར་མ་འཇོག་རྣམ་གྲངས24སྤེལ་ཤིང་། དེའི་ཁྲོད་ནེ་པ་ལར20དང་འབར་མ1། ཐ་ཅི་ཁོ་སི་ཐན་དུ3བཅས་སྤེལ་ནས་མ་འཇོག་དངུལ་འབོར་ཨ་སྒོར་དུང་ཕྱུར3.42ཟིན་པ་དང་། མཁའ་འགྲུལ་སྐྱེལ་འདྲེན་དང་གཏེར་ཁ་གསར་འབྱེད། སིལ་འཚོང་ལས་རིགས། འཁལ་འཐག ཞབས་ཞུའི་ལས་རིགས་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད།

འགྲིམ་འགྲུལ་སྐྱེལ་འདྲེན་ཁོར་ཡུག་རྒྱུན་མཐུད་ཇེ་ལེགས་སུ་ཕྱིན་པ།

གསར་འགོད་པས་རང་སྐྱོང་ལྗོངས་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་ནས་ཤེས་གསལ་ལྟར་ན།“རྒྱུད་གཅིག་ལམ་གཅིག”གྲོས་གཞི་བཏོན་པའི་ལོ་ངོ10རིང་། བོད་ལྗོངས་ཀྱིས་མཐའ་མཚམས་འགག་སྒོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་འགག་སྒོ་འཕེལ་རྒྱས་ཀྱི་བཀོད་པ་ཇེ་ལེགས་སུ་བཏང་བ་དང་། མཐའ་འཁོར་རྒྱལ་ཁབ་ཀྱི་སྐམ་ལམ་འགག་སྒོའི་སྦྲེལ་མཐུད་རང་བཞིན་མཐོར་འདེགས་སུ་བཏང་བ། སྐྱིད་གྲོང་དང་སྤུ་ཧྲེང་། འགྲམ་འགག་སྒོ་བཅས་སུ་ཕྱོགས་གཉིས་ཤར་བགྲོད་མངོན་འགྱུར་བྱུང་བ། ལེགས་རྩེ་འགག་སྒོ་རྒྱལ་ཁབ་ཀྱི་ཞིབ་བཤེར་ཚད་ལེན་བྱས་ཡོད་པས། བོད་ལྗོངས་ཀྱི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་སྐྱེད་དུ་གཏོང་བར་སྔར་བས་རོགས་འདེགས་ཐུབ་ཡོད། ནེ་པ་ལའི་ཕྱོགས་ཀྱི་རྨང་གཞིའི་སྒྲིག་བཀོད་རོགས་སྐྲུན་ལས་དོན་ནང་ཞུགས་ཏེ། ནེ་པ་ལས་ལེགས་རྩེ་དང་འདྲེན་ཐང་འགག་སྒོ་སོགས་ནེ་པ་ལའི་གཞོགས་གཅིག་གི་བགྲོད་ལམ་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་། ནེ་པ་ལར་རོགས་སྐྲུན་གྱི་ཧྲ་ལྷ་གཞུང་ལམ་སོགས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།

དེ་དང་ཆབས་ཅིག ལྷ་གཞིས་ལྕགས་ལམ་དང་ལྷ་ཉིང་ལྕགས་ལམ་ཤར་གཏོང་བྱས་རྗེས། མཚོ་བོད་ལྕགས་ལམ་གློག་རླངས་ཅན་གྱི་བསྒྱུར་བཀོད་དངོས་སུ་ལག་བསྟར་དུས་མཚམས་སུ་སླེབས་ཡོད་པ་དང་། ཀྲུང་ནེ་རྒྱལ་ཁབ་གཉིས་ཀྱིས་ལྕགས་ལམ་རྒྱལ་ཁོངས་ལས་བརྒལ་བའི་མཉམ་ལས་གྲོས་མཐུན་བཞག མཁའ་འགྲུལ་འཛུགས་སྐྲུན་གོོ་རིམ་ལྡན་པའི་སྒོ་ནས་སྤེལ་བ་བརྒྱུད། ཧི་མ་ལ་ཡ་་བརྒལ་བའི“མཁའ་དབྱིངས་བར་ཁྱམས”འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ཡོད།

ཀྲུང་ནེ་ཕྱོགས་གཉིས་ཀྱི་འགྲོ་འོང་མཉམ་ལས་ཐད་འཕེལ་རྒྱས་གསར་བ་བྱུང་བ།

2023ལོའི་ཟླ7པར། ནེ་པ་ལའི་སྐོར་དང་པོའི་སྔོ་གཟན་གསོག་ཉར་ཏུན82.8བདེ་བླག་ངང་སྐྱིད་གྲོང་འགག་སྒོ་ནས་རྒྱལ་ཁོངས་སུ་འཛུལ་བ་དང་། ཀྲུང་ནེ་ཕྱོགས་གཉིས་ཀྱི་ཞིང་ལས་ཁྱབ་ཁོངས་ཀྱི་འགྲོ་འོང་མཉམ་ལས་ཐད་དོན་དངོས་རང་བཞིན་གྱི་གོང་འཕེལ་བྱུང་ནས། ཀྲུང་ནེའི་བར་གྱི་ཉོ་ཚོང་དོ་སྙོམས་ལ་སྐུལ་འདེད་ནུས་ལྡན་བཏང་།“རྒྱུད་གཅིག་ལམ་གཅིག”གྲོས་གཞི་བཏོན་པའི་ལོ་ངོ10རིང་། བོད་ལྗོངས་ཀྱིས་ཕྱི་ནང་སྤྱི་འདོམས་དང་ཕྱོགས་གཉིས་སྒོ་དབྱེ། རང་འགུལ་མཉམ་འདྲེས་ཀྱི་རྒྱལ་ནང་འཁོར་རྒྱུག་ཆེན་མོ་གཙོ་གཞིར་འཛིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་ཟུང་ཕན་ཚུན་སྐུལ་སྤེལ་གྱི་འཕེལ་རྒྱས་ཀྱི་སྒྲིག་གཞི་གསར་བ་རྒྱུན་འཁྱོངས་བྱས་ཡོད། ནེ་པ་ལ་བོད་ལྗོངས་ཀྱི་ཉོ་ཚོང་རོགས་ཟླ་གཙོ་བོ་ཡིན་པའི་ཆ་ནས་བོད་ལྗོངས་ཀྱིས་ནེ་པ་ལའི་དབར་གྱི་ཉོ་ཚོང་འགྲོ་འོང་ལ་རྒྱུན་མཐུད་ཤུགས་བསྣན་ཡོད།

བསྡོམས་རྩིས་བྱས་པ་ལྟར་ན། 2016ལོ་ནས2022ལོའི་བར། བོད་ལྗོངས་ཀྱིས་ནེ་པ་ལར་ཉོ་ཚོང་སྒོར་དུང་ཕྱུར155.58བྱས་པ་དང་། དེས་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི(སྒོར་དུང་ཕྱུར314.30)50%བཟུང་ཡོད། 2023ལོའི་ཟླ་དང་པོ་ནས་དགུ་བའི་བར། བོད་ལྗོངས་ཀྱིས་ནེ་པ་ལར་ཉོ་ཚོང་སྒོར་དུང་ཕྱུར18.25བྱས་ནས་དུས་མཉམ་ལས52.95%འཕར་ཡོད་ཅིང་། དེའི་ཁྲོད་ནང་འདྲེན་ཉོ་ཚོང་སྒོར་དུང་ཕྱུར0.89དང་ཕྱིར་གཏོང་ཉོ་ཚོང་སྒོར་དུང་ཕྱུར17.36ཟིན་ཡོད། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།